《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月22日

ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་དོ་དམ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་19ཉིན་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་དོ་དམ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཝུའེ་ཏུང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་གྱོད་གཞི་དོ་དམ་སྡེ་ཚན་གྱིས་རིན་པ་བཞིན་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་སྡེབ་ཀྱི་མཐའ་དཔྱོད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། གནད་དོན་གྱི་ཁུངས་སྣེར་གནད་སྨིན་མཐའ་དཔྱོད་དང་གདམ་གསེས་བྱེད་དགོས་པ་མ་ཟད། ལས་ཕྱོད་ཆེན་པོས་སྒྲུབ་གཉེར་བྱེད་དགོས། གནད་དོན་གྱི་ཁུངས་སྣེར་དོ་དམ་དང་། སྒྲུབ་རྒྱུར་ལྟ་སྐུལ། སྐབས་བརྗེའི་ལས་དོན་བཅས་མཉམ་འདྲེས་བྱས་ཏེ་སྐབས་བརྗེའི་མིང་འདོན་མི་འདེམས་ཀྱི་སྤྱོད་གཙང་བསམ་འཆར་གྱི་ལན་སློག་གནད་སྨིན་ངང་ཚད་ལྡན་དུ་གཏོང་བ་དང་ཡག་པོ་སྒྲུབ་པ་དང་། སྐབས་བརྗེ་རིང་གི་འདེམས་ཤོག་འཕེན་སྐུལ་གྱི་རྔན་བསླུས་དང་དཔོན་གནས་ཉོ་ཚོང་སོགས་ཀྱི་ཁུངས་སྣེར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། སྐབས་བརྗེའི་ལས་དོན་ལ་སྒྲིག་ཁྲིམས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས། ཉར་འཇོག་བྱ་ཡུལ་གྱི་བདེ་འཇགས་ལྟ་འདོམས་དང་རིམས་འགོག་ལས་དོན་སྤྱི་འདོམས་ཡག་པོ་བསྒྲུབས་ནས“ཞག་སྡོད་མིན་པའི”གླེང་མོལ་གྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་བདེ་འཇགས་ཀྱི་ལས་འཛོལ་དོན་རྐྱེན་མཐའ་གཅིག་ཏུ་མི་ལྷག་པ་བྱས་ནས་ཞིབ་དཔྱད་བརྟག་དཔྱད་བྱ་ཡུལ་དང་གྱོད་འབྲེལ་མི་སྣ་གཉིས་ཀའི་བདེ་འཇགས་འགན་ལེན་བྱེད་དགོས། བསྡོམས་རྩིས་གྲངས་གཞི་གོང་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་དབྱེ་ཞིབ་ཞིབ་འཇུག་ཟབ་ཏུ་བཏང་སྟེ། གྲངས་གཞིས་འགོ་ཁྲིད་ཀྱིས་ཇུས་ཐག་གཅོད་པར་ཞབས་འདེགས་ཞུ་བ་དང་ལྟ་སྐུལ་ཞིབ་བཤེར་གྱི་ཞིབ་དཔྱད་བརྟག་དཔྱད་ལས་དོན་ལ་ཞབས་འདེགས་ཞུ་བའི་ནུས་པ་གང་ལེགས་འདོན་དགོས།