《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月22日

ལྗོངས་ཡོངས་ཀྱི“དཀར་གསལ་འདུ་འགོད”རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི“དཀར་གསལ་འདུ་འགོད”རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“དཀར་གསལ་འདུ་འགོད”དཔེ་སྟོན་གྲོང་ཁྱེར་དང་གཙོ་གནད་རོགས་སྐྱོར་གྲོང་ཁྱེར་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ་དང་། ལྗོངས་ཡོངས་ཀྱི“དཀར་གསལ་འདུ་འགོད”རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་དང་སྤྱི་བདེ་པུས་རང་ལྗོངས་ཀྱི“དཀར་གསལ་འདུ་འགོད”རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གྱི་ཞིབ་བཤེར་རྩིས་ལེན་དང་དཔྱད་དཔོག་གི་གྲ་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས“དཀར་གསལ་འདུ་འགོད”ནི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྲུན་དང་གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་འདུ་འགོད་གལ་ཆེན་རེད། “དཀར་གསལ་འདུ་འགོད”ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་གི་རང་བཞིན་ལ་དམ་འཛིན་ཡག་པོ་བྱེད་པར་ངོས་འཛིན་གང་ལེགས་བྱས་ནས། “དཀར་གསལ་འདུ་འགོད”རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྲུན་དང་གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཏུ་བརྩི་བ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཧོ་ཝུན་ཧའོ་ཡིས། “དཀར་གསལ་འདུ་འགོད”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མིག་སྔའི་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འཆར་འགོད་ཧུར་ཐག་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་དང་། འགན་འཁྲི་དོན་འཁྱོལ། ལྟ་སྐུལ་དཔྱད་བསྡུར་བཅས“དམིགས་སར་འབྱོར་བ་གསུམ”ལ་བརྟེན་ནས། “དཀར་གསལ་འདུ་འགོད”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “དཀར་གསལ་འདུ་འགོད”རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྲུན་བྱེད་པའི་ཆ་འཕྲིན་ཅན་གྱི་འགན་ལེན་འདུ་འགོད་གལ་ཆེན་རྩེར་སོན་ཞིག་ཏུ་བཏོད་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁ་གསལ་བཏོན་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།