《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月22日

ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། སྐྱིད་གྲོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་དང་སྐྱིད་གྲོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། འཛུགས་སྐྲུན་དང་རེ་ཞུའི་གོ་རིམ་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་རེད།

ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ཚོང་དོན་ཐིང་གི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་དང་སྡེ་ཚན་ཁག་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་རྗེས། ཅང་ཅེས་སྐུལ་འདེད་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་སྐྱིད་གྲོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟའི་ཁུལ་དང་སྐྱིད་གྲོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ནེ་པ་ལར་མཚམས་འདྲིར་ཕེབས་པའི་གྲུབ་འབྲས་གལ་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་ཞིག་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་སྐྲུན་པའི་ནང་དོན་ཞིབ་ཕྲ་རེད་ལ། རང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན། མཐའ་མཚམས་དར་རྒྱས། མཐའ་མཚམས་འབྱོར་ཕྱུག་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་དེ་བས་ཀྱང་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་ཇུས་འགོད་གནང་སྟེ་སྐྱིད་གྲོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཧུར་ཐག་ཁུར་བ་དང་རང་འགུལ་ངང་ལས་དོན་བསྒྲུབས་པས་གྲབས་འཛུགས་རེ་ཞུའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་གནང་བ་རེད།

ཅང་ཅེས་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུག་གི་སེམས་པ། བྱ་གཞག་སྒྲུབ་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། སྒྲིག་འཛུགས་ཞིབ་ཚགས། དུས་ཚོད་དང་མཚམས་ཚིགས་ལ་གཞིགས་ནས་མྱུར་ཚད་ལ་དམ་འཛིན། སྐྱིད་གྲོང་གི་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་སྐྱིད་གྲོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་རེ་ཞུའི་ལས་དོན་ཁག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་སྒྱུར་དང་ཚོང་དོན་སྡེ་ཚན་གྱིས་སྣེ་ཁྲིད་དང་སྤྱི་ཡོངས་ཀྱི་ནུས་པ་འདོན་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་། གཞོགས་འདེགས་དམ་ཟབ། མཉམ་འགུལ་མཐུན་སྦྱོར་ལམ་སྲོལ་འཛུགས་པ། རྒྱལ་ཁབ་པུའུ་ཨུད་ལ་དགོངས་སྐོར་སྙན་སེང་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་རྒྱབ་སྐྱོར་དང་རོགས་རམ་ཐོབ་པའི་བརྩོན་ལེན་བྱེད་དགོས། རྩེ་རིམ་ཇུས་འགོད་མཐའ་འཁྱོངས་ཀྱིས་ལྗོངས་ཕྱིའི་སྔོན་ཐོན་ཉམས་མྱོང་དང་ལེན་དང་དཔྱད་གཞིར་གང་ལེགས་འཛིན་པ་དང་། དགེ་མཚན་ལྡན་པའི་བསམ་ཕྱོགས་དང་། ནུས་པའི་ངེས་གནས། འཕེལ་རྒྱས་ཀྱི་དམིགས་ཚད་བཅས་སྔར་བས་ལེགས་སུ་གཏོང་བ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་། ས་ཆ་གཅིག་སྡུད་བེད་སྤྱོད། དངུལ་རྩའི་ནོར་ཁྲལ་སྲིད་ཇུས་རྒྱབ་སྐྱོར་སོགས་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡག་པོ་སྒྲུབ་པ། རེ་ཞུའི་ལས་དོན་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ། སྤྱི་ཡོངས་ཀྱི་རེ་ཞུའི་འཆར་འགོད་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་འཛུགས་པ་དང་ཆོག་མཆན་གང་མགྱོགས་ཐོབ་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)