《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月22日

ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་20ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡན་ཅིན་ཧའེ་ཡིས། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་ཁོངས་ཞུགས་ཚན་པ་ཁག་གི་བསམ་འཆར་དང་གྲོས་འགོ་གསན་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་དང་འཇམ་དཔལ་ཚོགས་འདུར་ཞུགས་པ་རེད།

ཡན་ཅིན་ཧའེ་ཡིས་བསྟན་གནང་དོན། 《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོ་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་ཅིག་རེད། ལག་བསྟར་བསམ་འཆར་ཡག་པོ་བཟོ་ཆེད། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་འཐབ་ཇུས་ཆེན་པོ་གཉིས་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུའི་ཐད་ཁ་གསལ་ཞིང་ཞིབ་ཕྲ་བའི་བླང་བྱ་ཐེངས་མང་བཏོན་ནས་ང་ཚོར་མཛུབ་ཁྲིད་གནང་ཡོད། ཡིག་ཆའི་མ་ཟིན་འགོད་རིང་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་དང་དབུལ་སྐྱོར་གཞུང་ལས་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་བརྟག་ཞིབ་རྒྱ་ཁྱབ་གཏིང་ཟབ་བྱེད་པ་དང་། ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱེད་པ། མ་ཟིན་བཟོ་བཅོས་ཐེངས་མང་རྒྱག་པ་བཅས་བྱས་པ་བརྒྱུད། ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་འབུལ་རྒྱུའི《ལག་བསྟར་བསམ་འཆར》གྱི་བསྡུ་ལེན་བསམ་འཆར་མ་ཟིན་གྲུབ་ཡོད། སྤྱིའི་ཆ་ནས་བལྟས་ན། 《ལག་བསྟར་བསམ་འཆར》གྱི་མ་ཟིན་འགོད་པའི་དུས་ཚོད་འདང་ངེས་བྱུང་ལ་བརྒྱུད་རིམ་ཏན་ཏིག་ཡོད་པ་དང་། དམིགས་ཚད་ཁ་གསལ་ལ་ནང་དོན་བདེན་པ་བདེན་ཐུབ་ཡིན་པ། གཙོ་གནད་མངོན་གསལ་དོད་ལ་བྱ་ཐབས་ནུས་ལྡན་ཡོད་པ། ཀྲུང་དབྱང་གི་དགོངས་དོན་དང་འཚམ་ལ་བོད་ཀྱི་དོན་དངོས་དང་མཐུན་པ། མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་འདུག ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཚོགས་འདུའི་ཐོག་བཏོན་པའི་བཟོ་བཅོས་བསམ་འཆར་ལ་གཞིགས་ཏེ། དུས་ཚོད་དམ་འཛིན་གྱིས་འཐུས་སྒོ་ཚང་དུ་གཏོང་བ་དང་གོ་རིམ་ལྟར་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཞིབ་འཇུག་བྱ་རྒྱུར་འབུལ་དགོས།

ཡན་ཅིན་ཧའེ་ཡིས། ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བར་བརྒལ་དུས་ཚོད་ནི་ལོ་5ཡིན་ཞེས་གཏན་འཁེལ་ཁ་གསལ་གནང་ཡོད། ལོ་5ཡི་རིང་སྔོན་མའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྤྱིར་ན་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་དམིགས་ཡུལ་ནི“རྟ་ལ་བསྐྱོན་ནས་ཡར་ཙམ་སྐྱེལ”ཞེས་པའི་དཔེ་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་འགན་ལེན་བྱ་ཆེད་རེད། གྲོང་གསེབ་དར་རྒྱས་ནི་དུས་མཚམས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཡིན། ང་ཚོས་གོ་བ་གཏིང་ཟབ་ལོན་པ་དང་། ཚོར་ཤེས་གཏིང་ཟབ་ཐུབ་པ། ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བར་བརྒལ་དུས་ཚོད་ནང་གི་འགོ་ཁྲིད་སྒྲིག་སྲོལ་དང་། ལས་དོན་མ་ལག འཕེལ་རྒྱས་འཆར་འགོད། སྲིད་ཇུས་བྱེད་ཐབས། དཔྱད་ཞིབ་ལམ་སྲོལ་སོགས་ཐད་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་སྔར་བས་གསེད་བཀྲོལ་དང་། ལེགས་སྒྲིག བཟང་སྒྲིག འཐུས་ཚང་བཅས་ཡག་པོ་བྱེད་པ། ཀྲུང་དབྱང་གི་དམངས་ཕྱུག་དམངས་ཕན་གྱི་རྒྱུན་མཐུད་རང་བཞིན་གྱི་སྲིད་ཇུས་ཆད་ལུས་མེད་པའི་སྒོ་ནས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཚོས་སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་ཐུབ་པ་བཅས་བྱེད་དགོས། འཐབ་ཇུས་ཆེན་པོ་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་བར་དམ་པོར་དམིགས་ཏེ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དང་། དབུལ་སྒྲོལ་མི་འབོར་ལས་ཞུགས་བརྟན་པོ་ཡོང་བར་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་སོགས་ཀྱི་གཙོ་གནད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་དེ་བཞིན་ཁ་གཏད་རོགས་སྐྱོར་དང་སྤྱི་ཚོགས་སྟོབས་ཤུགས་རོགས་སྐྱོར་ནང་ཞུགས་པ་སོགས་ཀྱི་ལམ་སྲོལ་མུ་མཐུད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)