《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

གྲོ་མོ་རྫོང་མཆོད་རྟེན་བྲག་གྲོང་ཚོའི་བགྲེས་སོང་ཕུར་བུས་བརྗོད་དོན།

གུང་ཁྲན་ཏང་ཕེབས་ནས་ང་ཚོའི་འཚོ་བ་སྡུག་བསྔལ་བདེ་ལ་གྱུར་སོང་།

གྲོ་མོ་རྫོང་དགྱེས་རུ་ཁང་མཆོད་རྟེན་བྲག་གྲོང་ཚོའི་བགྲེས་སོང་ཕུར་བུས་ཉི་མ་སྲོ་ཞིང་བརྙན་འཕྲིན་ལྟ་གིན་དུ་གཞས་གཏོང་གིན་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

“བོད་རྙིང་པ་ནི་མི་ཆོས་དང་བྲལ་བའི་གདུག་རྩུབ་ཀྱི་དམྱལ་བ་ལྟ་བུ་རེད། མུན་ནག་གི་དུས་རབས་དེར་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་ལ་ཉིན་མཚན་མེད་པར་ཞིང་བྲན་བདག་པོར་ལས་ཀ་བྱས་ནས་འཚོ་བར་མདུན་ལམ་གང་ཡང་མེད་པའི་ཁར་སེམས་ལ་སྡུག་བསྔལ་ཚད་མེད་མྱོང་དགོས་ཀྱི་ཡོད”ཅེས་བགྲེས་སོང་ཕུར་བུས་ཕྱིར་དྲན་བྱེད་བཞིན་བཤད།

བོད་རྙིང་པར་བགྲེས་སོང་ཕུར་བུའི་ཕ་མ་ཞིང་བྲན་ཡིན་ཞིང་། “སྐབས་དེ་དུས་ལོ་གཅིག་དུས་བཞིར་གོས་སྣ་གཅིག་ལས་མེད་པས་ལྷན་པ་བརྒྱབ་ནས་འཁྱོལ་ཐབས་བྱེད་ཀྱི་ཡོད། འུ་ཐུག་ནས་ལྷན་པ་རྒྱག་ས་མེད་ཚེ། དེ་ཆུང་དུ་བཏང་ནས་ཕྲུ་གུར་གཡོག་གི་ཡོད། སྐབས་དེ་དུས་ང་ཉིན་གང་རི་སྟེང་དུ་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད། ངོ་དྲག་པའི་གོས་སྣ་གཅིག་མེད་ལ་ལྷམ་དེ་བས་མེད། མ་ཟད་ཉིན་ལྟར་སྔོ་ཚོད་ལས་ཟ་རྒྱུ་མེད་ལ་རྩམ་པ་ཡང་ཡུན་རིང་རག་གི་མེད”ཅེས་བགྲེས་སོང་ཕུར་བུས་མིག་ལ་མཆི་ཞག་འཁོར་བཞིན་བཤད།

“གུང་ཁྲན་ཏང་ཕེབས་རྗེས་སྡུག་བསྔལ་བདེ་ལ་གྱུར་སོང་། བཅིངས་འགྲོལ་དམག་གིས་གྲོང་མིར་ཁྱིམ་ལས་བྱེད་རོགས་བྱེད་པ་མ་ཟད། ཕྲུ་གུ་ཚོར་ཡི་གེ་སློབ་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ང་ཚོ་ཞིང་བྲན་རྣམས་ལ་བཅིངས་འགྲོལ་ཐོབ་ནས་འཚོ་བར་གཞི་ནས་རེ་བས་ཁེངས་ཏེ་ཉིན་རེ་བཞིན་ལེགས་སུ་ཕྱིན་སོང་། སྐབས་དེ་དུས་ངས་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ཏེ་མ་ཤེས་པ་ཡོད་ཕྱིན་རྒན་ལགས་ལ་བཀའ་འདྲི་ཞུ་ཡི་ཡོད། ཕྱུགས་འཚོ་བའི་སྐབས་སུ་དེབ་ལུས་དང་འབྲལ་མེད་ཡིན”ཞེས་བགྲེས་སོང་ཕུར་བུས་བཤད།

ཕུར་བུའི་མཛེས་སྡུག་ལྡན་པའི་འཚོ་བ་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རིམ་གྱིས་སྐྱེལ་འགོ་ཚུགས་ཤིང་། 1969ལོར་ཁོང་མི་དམངས་ཀུང་ཧྲེའི་རུ་དཔོན་གཞོན་པ་དང་ཕྱུགས་རིགས་སྨན་པ་བྱས་པ་དང་། 1970ལོར་མི་དམངས་ཀུང་ཧྲེའི་རུ་དཔོན་དང་ཕྱུགས་རིགས་སྨན་པ་བྱས། 1988ལོར་དགྱེས་རུ་ཤང་གི་གདན་ཞུས་ལས་བྱེད་པར་བདམས། དེ་ནས་1994ལོར་ལས་བྱེད་པར་དངོས་སུ་བསྒྱུར།

ད་ཆ་བགྲེས་སོང་ཕུར་བུ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་བཟོའི་ཁང་པར་སྡོད་ཀྱི་ཡོད་པ་དང་སྒོ་རའི་ནང་དུ་ཡང་མེ་ཏོག་སྣ་ཚོགས་བཏབ་ཡོད་ལ་བུ་ཚས་བསྐོར་ནས་སྣང་བ་སྐྱིད་པའི་འཚོ་བ་སྐྱེལ་བཞིན་ཡོད། “ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་ཕྱིན་ན་སློབ་ཡོན་མི་དགོས་ལ་ནད་ལྟ་བར་ཡང་སྨན་བཅོས་འགན་བཅོལ་ཡོད། བསྐལ་པ་བཟང་པོ་འདི་ལྟ་བུར་འཚོ་བ་སྐྱེལ་བ་ང་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་བསྲུངས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་དྲིན་ལན་འཇལ་དགོས”ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

(བདེ་དབང་དང་ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)