《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

ལྷ་སའི་གྲོང་མིས“སྤྲིན་ཚོམ་མྱུར་སྤྲོད”སྤྱད་ནས་མི་སྒེར་གྱི་ཡིད་རྟོན་སྙན་སེང་འདྲི་རྩད་བྱ་ཆོག

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་སའི་གྲོང་མིས་དངུལ་ཁང་ལས་རིགས་ཀྱི་གཅིག་གྱུར་APP“སྤྲིན་ཚོམ་མྱུར་སྤྲོད”སྤྱད་ནས་མི་སྒེར་གྱི་ཡིད་རྟོན་སྙན་སེང་འདྲི་རྩད་བྱ་ཆོག་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་མཐུན་སྦྱོར་ཤུགས་ཆེན་བྱས་པ་བརྒྱུད། ལྷ་ས་རྒྱལ་ཡོངས་ཀྱི“སྤྲིན་ཚོམ་མྱུར་སྤྲོད”ནས་མི་སྒེར་གྱི་ཡིད་རྟོན་སྙན་སེང་འདྲི་རྩད་ལ་ཞབས་འདེགས་ཞུ་མཁན་གྲོང་ཁྱེར་36གི་གྲས་ཤིག་ཏུ་གྱུར་པ་དང་། གྲོང་མིས“སྤྲིན་ཚོམ་མྱུར་སྤྲོད”ཁ་ཕྱེ་སྟེ་གཙོ་ངོས་དྲ་ཚུགས་ནས“ཡིད་རྟོན་སྙན་སེང”གི་བྱ་རིམ་ཆུང་གྲས་མནན་ནས་དེར་འཛུལ་བ་དང་འབྲེལ་ཐོབ་ཐང་ར་སྤྲོད་བྱས་རྗེས་དྲ་ཐོག་ནས་ཡིད་རྟོན་སྙན་སེང་འདྲི་རྩད་བྱེད་པའི་རེ་ཞུ་འབུལ་ཆོག་པ་དང་ཆུ་ཚོད་24ཡི་ནང་རང་ཉིད་ཀྱི་ཡིད་རྟོན་སྙན་སེང་འདྲི་རྩད་དང་ཕབ་ལེན་བྱ་ཆོག་གི་ཡོད།

ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི“སྤྲིན་ཚོམ་མྱུར་སྤྲོད”ཀྱི་APPཡི་དམངས་ཕན་ཞབས་ཞུའི་ནང་དོན་དང་གྲངས་གཞི་ཅན་གྱི་བཀོལ་སྤྱོད་བྱ་ཡུལ་ཕུན་སུམ་ཚོགས་སུ་ཧུར་ཐག་བཏང་སྟེ་དྲ་ཐོག་ནས“བོད་ལྗོངས་བདེ་ཐང་ཐོ་འགོད་ཞབས་ཞུ”དང“སྤྱི་སྤྱོད་རླངས་འཁོར་དུ་སྡོད་པའི་ཨང་རྟགས”“འཚོ་བའི་གྲོན་དངུལ་འཇལ་བ”སོགས་དམངས་ལ་སྟབས་བདེ་བསྐྲུན་ཡུལ་བཙུགས་པ་དང“བོད་ལྗོངས་སྲིད་དོན”གྱི་བཀོལ་སྤྱོད་ལས་སྟེགས་དང་འབྲེལ་མཐུད་བྱས་ནས“སྤྲིན་ཚོམ་མྱུར་སྤྲོད”བརྒྱུད་སྲིད་དོན་ཞབས་འདེགས་དྲ་ཐོག་ནས་གཉེར་ཆོག་གི་ཡོད། འདི་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར“སྤྲིན་ཚོམ་མྱུར་སྤྲོད”ཀྱི་APPསྤྱོད་མཁན་ཐོ་འགོད་བྱེད་ཚད་ཁྲི་37.56ཟིན་པ་དེ་དུས་མཚུངས་ལས་45.47%འཕར་ཡོད་པ་རེད།