《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་པ་ཟླ་6པར་ལས་མཇུག་འགྲིལ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཁྱོན་མ་དངུལ་སྒོར་དུང་ཕྱུར་6.6བཏང་བའི་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྤྱི་ཕན་རིག་གནས་ཀྱི་དམངས་ཕན་ལས་གྲྭ་ཆེ་ཤོས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རྒྱས་སྐྲུན་གྱི་ལས་གྲྭའི་རྣམ་གྲངས་ཉེ་ཆར་ལས་དོན་ཁག་གི་འཕེལ་རིམ་བདེ་བླག་བྱུང་ནས། རྟེན་རྫས་བཤམས་མཛོད་ཁང་གསར་པ་ཟླ་6པར་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

མིག་སྔར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རྒྱས་སྐྲུན་གྱི་ལས་གྲྭ་གྱང་ངོས་མཛེས་བཟོ་དང་། རྒྱ་ཕིབས་སྒྲིག་པ། འཕྲུལ་ཆས་སྒྲིག་སྦྱོར་དང་ཚོད་ལྟ་སྙོམ་སྒྲིག བདེ་སྲུང་སྔོན་འགོག མེ་ཟོན། དྲོ་ཇུས་ལས་གྲྭ ཁང་པའི་ནང་གི་མཛེས་བཟོ། ཆུ་མཁོ་སྤྲོད་དང་འབུད་གཏོང་། སྐྱེད་ཚལ་གྱི་མཛེས་ལྗོངས་བཟོ་བ་སོགས་ཀྱི་ལས་དོན་སྒྲུབ་པའི་དུས་རིམ་དུ་སླེབས་ཡོད།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.6བཏང་བ་ཚང་མ་ཀྲུང་དབྱང་གི་སྔོན་རྩིས་སུ་ཚུད་ཡོད། རྣམ་གྲངས་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་6.5དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5.8ཟིན་ཡོད། འཛུགས་སྐྲུན་ལ་འགྲེམས་རྫས་འགྲེམས་སྟོན་ཁུལ་དང་། ཉར་ཚགས་དངོས་པོ་བདག་སྐྱོང་ཁུལ། སྤྱི་པའི་ཞབས་འདེགས་ཁུལ། རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁུལ། ཕྱོགས་བསྡུས་གཞུང་ལས་ཁུལ། ས་འོག་རླངས་འཁོར་འཇོག་ས་སོགས་ཡོད། རྣམ་གྲངས་དེ་བསྐྲུན་རྗེས། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་དང་རྩ་ཆེན་རིག་དངོས་ཉར་ཚགས་སོགས་ཀྱི་སྤྱི་པའི་ཞབས་འདེགས་ཞུ་ནུས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ནས། བོད་ཀྱི་ས་མཐོའི་གྲོང་ཁྱེར་གྱི་སྐུ་མགྲོན་འདུ་གནས་ཕྱོགས་ཡོངས་ནས་ངོ་སྤྲོད་གཏིང་ཟབ་བྱ་ཡུལ་ཞིག་ཏུ་བསྐྲུན་ཏེ། རྒྱལ་ནང་གི་རྩེར་སོན་དང་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་པའི་དེང་རབས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་སྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་སྲིད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)