《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

ཡན་ཅིན་ཧའེ་ཡིས་ཉིང་ཁྲིར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་ལྟར། ཚེས་14ནས་18ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཡན་ཅིན་ཧའེ་ཉིང་ཁྲི་གྲོང་ཁྱེར་གྱི་རྫ་ཡུལ་རྫོང་དང་། མེ་ཏོག་རྫོང་། སྤོ་བོ་རྫོང་། སྨན་གླིང་རྫོང་བཅས་སུ་ཕེབས་ཏེ། ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིས་བཙུགས་ཏེ། ཚན་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ལྡན་སྤུས་རྟགས་གཏོད་པ། ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཆེན་པོ་དང་འཕེལ་རྒྱས་མགྱོགས་པོར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

རྫ་ཡུལ་རྫོང་སྲོང་གུང་ཇ་ལོ་རྟེན་གཞི་ནས་མེ་ཏོག་རྫོང་ལྷ་གོང་ཇ་ར་དང་སྤོ་བོ་རྫོང་གི་ཡིད་འོང་ཇ་རའི་བར་དུ་ཡན་ཅིན་ཧའེ་ཡིས་ཇ་ཤིང་ལྡུམ་ར་དང་འཁོར་ཁང་དུ་ཕེབས་པ་དང་། ལས་རིམ་ལ་གཟིགས་པ། ཐབས་ཇུས་གླེང་བ་བཅས་བྱས་ནས་ཇ་ཤིང་འདེབས་པ་དང་། ཇ་ལོ་ལས་སྣོན། སྤུས་རྟགས་གསར་གཏོད། ཐུམ་སྒྲིལ་རྟགས་འགོད། ཕྱིར་ཚོང་འཁོར་རྒྱུག་སོགས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོ་དང་དེ་བཞིན་ཇའི་ཐོན་ལས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྣེ་ཁྲིད་བྱས་ཚུལ་སོགས་བརྟག་ཞིབ་གནང་ཞིང་། ཁོང་གིས་ཉིང་ཁྲིའི་ཇ་ལོར་འདེབས་འཛུགས་ལོ་རྒྱུས་དང་། རྨང་གཞིའི་གཞི་ཁྱོན། ཁྲོམ་རའི་ལེགས་ཆ་བཅས་ལྡན་པས་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་ཚུགས་གནས་སྔར་བས་ཁ་གསལ་བཟོ་བ་དང་། ས་ཆའི་ཐོན་ཁུངས་བསྡུ་སྒྲིལ། ལག་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། གདམ་བྱ་ཡང་དག་འདེམས་པ། སྤུས་ཚད་ཀྱི་དོ་དམ་ཚོད་འཛིན་ལ་སྟངས་འཛིན་ཡག་པོ། ས་ཁམས་མཚོན་རྟགས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་རིམ་པ་དེ་བས་མཐོ་པོས་ཐོན་རྫས་གཙོ་བོ་སྤུས་དག་པོ་དང་ཞིབ་ཚགས་པོ་ཡོང་བར་བྱེད་དགོས། ས་གནས་དེ་གའི་ཇ་སོན་སྲུང་སྐྱོང་ལ་སྔར་བས་མཐོང་ཆེན་བྱས་ཏེ། ཡིད་འོང་ཇ་རའི་གསར་བརྗེའི་ས་བོན་སོགས་ཁྱད་ལྡན་ཇའི་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཇ་དང་ཡུལ་སྐོར་མཉམ་འདྲེས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་དང་རིག་གནས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་རང་གི་ཇ་ལོ་འདེམས་གསོ་ཡག་པོ་དང་། ཉིང་ཁྲིའི་ལོ་རྒྱུས་ཡུན་རིང་ལྡན་པའི་ཇའི་རིག་གནས་རྒྱུན་འཛིན་ཡག་པོ། རྩེར་སོན་སྦགས་བཙོག་མེད་པའི་སྐྱེ་ལྡན་ཇའི་སྤུས་རྟགས་ཡག་པོ་གཏོད་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།

རྫ་ཡུལ་རྫོང་གི་ཤག་གཉིས་གྲོང་ཚོ་དང་མེ་ཏོག་རྫོང་གི་བདེ་ཞིང་གྲོང་ཚོ་དང་དམག་སྡེ་གྲོང་ཚོར་ཡན་ཅིན་ཧའེ་ཡིས་ཁེ་ལས་རྟེན་གཞི་དང་ཞིང་ཁྱིམ་ལྡུམ་རར་ཕེབས་ནས་སྤྲེལ་ཁམ་དང་། ཞུ་མཁན། ངང་ལག་སོགས་ཤིང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཉིང་ཁྲིར་ཤིང་འབྲས་ལྡུམ་རའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཉི་མ་ཕོག་ཡུན་རིང་བ་དང་། མཁའ་རླུང་གཙང་བ། ཆུ་འདང་ངེས་ཡོད་པ། ས་གཤིས་ལེགས་པ། དྲོད་ཚད་ཧེ་བག་ཆེ་བ་སོགས་ཀྱི་ཁྱད་འཕགས་ཀྱི་ལེགས་ཆ་ལྡན་ཡོད་པས། ཤིང་འབྲས་འདེབས་འཛུགས་གྲོང་གསེབ་ཡུལ་སྐོར་དང་ཟུང་འབྲེལ་དང་། དམངས་སྲོལ་གོམས་གཤིས་དང་ཟུང་འབྲེལ། དེང་རབས་ཅན་གྱི་ཉམས་མྱོང་འདུ་ཤེས་དང་ཟུང་འབྲེལ་བཅས་བྱས་ཏེ་ཚོགས་སྤྱི་མི་འདྲ་བའི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོར་གཞིགས་ནས་རང་དགར་འཐུ་བ་དང་། སྤྲོ་གསེང་ལྟ་སྐོར། ཡུལ་སྲོལ་གོམས་གཤིས་ཉམས་ལེན་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་རྫས་ཐུམ་སྒྲིལ་དང་། ཕྱིར་ཚོང་། ཁྱབ་སྤེལ་གཏོང་སྟངས་བཅས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་གསར་བརྗེས་བྱེད་པ་དང་ཆབས་ཅིག ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ལ་བརྟེན་ནས་ཁྲོམ་ར་རྩེར་སོན་རྒྱ་སྐྱེད་བཏང་སྟེ་སྦགས་བཙོག་མེད་པའི་སྐྱེ་ལྡན་གྱི་འཕེལ་རྒྱས་ལམ་བུ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

རྫ་ཡུལ་རྫོང་གི་ས་མ་གྲོང་ཚོ་དང་སྒ་ཡབ་གྲོང་ཚོ། མེ་ཏོག་རྫོང་གི་རྣམ་རྒྱལ་སྒང་གྲོང་ཚོར་ཡན་ཅིན་ཧའེ་ཡིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་མ་ཟད། བོད་རིགས་དང་། ལྷོ་པ་རིགས། མོན་པ་རིགས། སྟེང་པ་བཅས་ཀྱི་མང་ཚོགས་པད་མཚོ་དང་། རྡོ་བློ། ཧུང་ལི་ཏུང་། སྦྱིན་ཅན་བཅས་ཀྱི་ཁྱིམ་དུ་ཕེབས་ཏེ་ཅི་འཕྲོས་མོལ་འཕྲོས་ཀྱིས་ཉེ་ལམ་གྱི་གནས་ཚུལ་དང་། གྲོས་འགོ འཕེལ་རྒྱས་བཅས་ཀྱི་སྐོར་གླེང་གནང་བ་རེད། རང་ཉིད་ཁྱིམ་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས། ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་ཞིང་། ཚང་མས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་གནང་བ་ལས་ང་ཚོའི་འཚོ་བ་ཡག་པོ་འདི་འདྲ་འདུག ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་ཞེས་བཤད། ཡན་ཅིན་ཧའེ་ཡིས་གསན་རྗེས་མཐའ་མཚམས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དབུལ་ཕོངས་ལས་བསྒྲལ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་གྱི་ཐུགས་ཁུར་དང་ཏང་གི་དམངས་ཕན་དམངས་བདེའི་སྲིད་ཇུས་ཁག་ལས་བྱུང་བ་ཞིག་རེད། ཚང་མས་ངེས་པར་དུ་ཕན་པ་གང་ནས་བྱུང་བ་དང་སུའི་བཀའ་དྲིན་འཇལ་དགོས་པ་ཤེས་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན་དེ་བས་དྲན་པ། གུང་ཁྲན་ཏང་གི་བཀའ་དྲིན་དྲན་པ། ཏང་ལ་དགའ་ཞེན་དང་བཀའ་དྲིན་དྲན་ལུགས་ས་སྲུང་མཐའ་བརྟན་གྱི་བྱ་སྤྱོད་དངོས་ལ་འགྱུར་བ་བཅས་བྱས་ནས་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་ལེའུ་གསར་པ་ཡག་པོ་རྩོམ་དགོས་ཞེས་བསྟན་གནང་བ་རེད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེ་དང་བསྟན་བཟང་གིས་ཞུས)