《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月21日

ཆེ་དགྲ་ལྷས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷ་སྲིན་བུ་རིར་ཕེབས་ནས། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཞུས་ཁྲེང་ཚང་དང་འཇམ་དཔལ་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།

ཆེ་དགྲ་ལྷས་ཐོན་ལས་གླིང་གི་རྣམ་གྲངས་ཀྱི་འཕེལ་རིམ་དང་སྲིན་བུ་རིའི་དུས་ཐེངས་གཉིས་པའི་བཀོད་སྒྲིག་སྡོད་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་སྙན་སེང་ནན་ཏན་ངང་གསན་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ཁས་ལེན་ཡང་གནང་བ་རེད།

ཆེ་དགྲ་ལྷས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། གཏན་འཁེལ་བའི་དམིགས་ཚད་ལས་འགན་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་དམིགས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ཁ་གསལ་བཟོ་བ། མཐུན་སྦྱོར་དམ་ཟབ། འགན་ལེན་ཤུགས་ཆེན་བཅས་བྱས་ནས། གཙོ་གནད་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་ཡུན་ལྡོག་སྒྲིག་དང་། འཆར་གཞི་གསལ་འགོད། ཚད་གཞི་ནན་སྲུང་། ཨར་ལས་ཞིབ་ཚགས་བཅས་བྱེད་པ་དང་། སྙན་ཞུའི་ལམ་ལུགས་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ནས་རྣམ་གྲངས་ཀྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། བཀོད་སྒྲིག་ཁུལ་གྱི་སྨན་བཅོས་དང་འཕྲོད་བསྟེན་ཞབས་ཞུའི་མ་ལག་སོགས་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས། དམངས་འཚོ་འགན་ལེན་དང་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཐོན་ལས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ཁྲོད་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་པ། ཡུལ་དེའི་མི་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་འཕེལ་བར་བྱེད་པ། ཡུལ་དེའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ལ་རམ་འདེམས་བྱེད་དགོས་པ། “འཚོ་བ་སྐྱེལ་མཁས་པོ་བྱེད་པའི”བསམ་བློ་བརྟན་པོར་འཛུགས་པ་དང་། རྒྱུ་ནོར་བེད་སྤྱོད་དོ་དམ་ནན་པོ་བྱེད་པ། མ་འཇོག་གི་མ་གནས་ཚོད་འཛིན་ནན་པོ་བྱེད་པ། དངུལ་སྐར་ལི་གཅིག་ཀྱང་རྩིས་ཡག་པོ་རྒྱག་པ་བཅས་བྱས་ནས། སྤྱོད་གཙང་ལས་གྲྭ་གཏོད་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་པ། དམངས་ལ་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། ལོ་ངོ་70ཡི་རིང་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་འོག བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་གང་ལེགས་མངོན་པར་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་བཤད་གནང་བ་རེད།