《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

རང་ལྗོངས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་ཐེངས་33པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་18ཉིན་རང་ལྗོངས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་ཐེངས་33པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་དེ“ཤེས་དཔལ་བདེ་ཐང་སེམས་ལ་བཅངས”ཞེས་བརྗོད་དོན་གཙོ་བོར་བྱས་པ་དང་། བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་རྒྱལ་གཅེས་འཕྲོད་བསྟེན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་མཉམ་དུ་གཉེར་བ་ཞིག་རེད།

བྱེད་སྒོ་སྤེལ་རིང་ཚན་པ་ཁག་གིས་འགན་ནུས་ཀྱི་ཁྱད་ཆོས་དང་ལེགས་ཆ་དང་ཟུང་འབྲེལ་གང་ལེགས་བྱས་ནས་ལུགས་མཐུན་གྱི་བཟའ་བཅའ་དང་། ལྟོ་ཆས་ཁག་བགོས་ལམ་ལུགས། སྤྱི་པའི་ཐུར་མ་སྤྱོད་པ། ལུས་སྦྱོང་འོས་འཚམ་བྱེད་པ། གད་སྙིགས་རིགས་དབྱེ་སོགས་ཀྱི་ནང་དོན་ལ་དམིགས་ནས་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད། མང་ཚོགས་ཀྱི་འཕྲོད་བསྟེན་འདུ་ཤེས་ཟབ་ཏུ་བཏང་བ་དང་མང་ཚོགས་ཀྱི་རང་ངོས་བདེ་སྲུང་དང་འཚོ་གནས་ཁོར་ཡུག་ཐུན་མོང་ཐོག་ལེགས་སུ་གཏོང་བའི་འདུ་ཤེས་ཟབ་ཏུ་བཏང་ཞིང་། ལས་དོན་པས་ད་དུང་འགྲོ་འོང་བྱེད་མཁན་མང་ཚོགས་ལ་ནད་ཡམས་སྔོན་འགོག་སྨན་བཅོས་དང་། ཐ་མག་འཐེན་པ་དང་ཨ་རག་ཚད་མེད་འཐུང་བའི་གནོད་འཚེ། གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་འཆད་འགྲེལ་བརྒྱབ་ནས་ས་གནས་ས་ཐོག་གི་མང་ཚོགས་ཀྱིས་རང་རང་གིས་དོ་ཁུར་བྱེད་པའི་གནད་དོན་སྐད་ཆ་ཡང་ཡང་དྲིས་ནས་ལས་དོན་མི་སྣ་དང་སྤེལ་རེས་བྱས་པ་རེད།