《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་18ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་འགན་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་དྲུང་ཆེའི་ཚན་ཁག་དང་དེ་བཞིན་ཁོངས་མིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པའི་ཁར། ཞིབ་བསྡུར་སྐྱོན་བཤེར་ནན་ཏན་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། བརྟན་ལྷིང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧོ་ཝུན་ཧའོ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་། བརྟན་ལྷིང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས་ཏང་ཨུད་གཞུང་དོན་ཐིང་དུ་བཅའ་སྡོད་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཚོགས་ཞུགས་འགོ་ཁྲིད་ཀྱིས་དཔྱད་བརྗོད་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་སྐབས་གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“སྲུང་སྐྱོང་གཉིས”རང་རྟོགས་ངང་ཐུབ་པ་བྱེད་དགོས་ཤིང་། “སྲུང་སྐྱོང་གཉིས”དེ་རྩ་བའི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་བརྩིས་ཏེ། ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ཐུབ་པར་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། འགན་འཁྲིའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཆེན་པོའི་ཉེན་ཁ་དང་འགྲན་སློང་དེ་བས་ཆེ་བ་བསུ་དགོས། གསུམ་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་དང་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། “སྒྲིག་ཁྲིམས་ཆེན་པོ་དྲུག”ལ་བརྟེན་ནས་རང་གཅུན་ནན་པོ་བྱེད་དགོས་པ་ལྟར། བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཡག་པོ་འཁུར་ནས་དཔུང་ཁག་གི་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། བཞི་ནས་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་སྟེ་སྐོར་གཟིགས་དག་ཐེར་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། སྐོར་གཟིགས་དག་ཐེར་ལས་འགན་ལ་དམིགས་པ་དང་། “དོན་ཆེན་བཞིར”ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ། འགན་འཁྲི་འཁུར་སེམས་དང་ཡར་བརྩོན་གྱི་སྙིང་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྐོར་གཟིགས་དག་ཐེར་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ལྔ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། འགག་རྩའི་ཉུང་ཤས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། གྲི་དངོ་རང་གཏད་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱི་ཐོག་ནས་རང་བཤེར་རང་བཅོས་ཡག་པོ་བྱེད་པ། སྲིད་ཁྲིམས་དཔུང་ཁག་དེ་བས་སྐྱོན་བྲལ་དང་། དེ་བས་སྤྱོད་གཙང་། དེ་བས་རྣམ་དག་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཁྲིམས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བསྟན་གནང་བ་རེད།

(བསྟན་བཟང་གིས་བསྒྱུར། སྤེན་ཚེས་ཞུས)