《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ཆབ་མདོ་གྲོང་ཁྱེར་གྱིས་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། ས་གཞིར་དྲོད་སླེབས་པ་དང་དཔྱིད་དཔལ་བཞད་པའི་དུས་ཚིགས་བཟང་པོའི་སྐབས་ཆབ་མདོ་གྲོང་ཁྱེར་གྱིས་གོ་སྐབས་དམ་དུ་བཟུང་ནས་དཔྱིད་འདེབས་ལས་དོན་ཕྱོགས་ཡོངས་ནས་སྤེལ་བའི་ཚ་རླབས་ཤིག་འཕྱུར་བར་བྱས་ཤིང་། གསར་འགོད་པར་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོར་ཆབ་མདོ་གྲོང་ཁྱེར་གྱིས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་67.29ཟིན་པ་བྱ་རྩིས་ཡོད་པའི་ནང་། དཔྱིད་འདེབས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་57.32དང་། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་3.94 པད་ཁའི་འདེབས་ཁྱོན་མུའུ་ཁྲི་3.82 གཟན་རྩྭ་དང་གཟན་ཆགས་འདེབས་ཁྱོན་མུའུ་ཁྲི་2.21བཅས་ཟིན་པ་བྱ་རྩིས་ཡོད་པ་རེད།

གོམ་སྟབས་རྗེས་མར་འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་འདི་ལོར་སོན་བཟང་ཁྱབ་གདལ་གཏོང་ཤུགས་དང་སོན་བཟང་འདེབས་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་དེ་ཡོངས་སུ་གྲོ་རིགས་ལོ་ཏོག་གི་སོན་བཟང་མུའུ་ཁྲི་56.63ཁྱབ་གདལ་བཏང་ནས་གྲོ་རིགས་ལོ་ཏོག་གི་སོན་བཟང་ཁེབས་ཚད་90%ཡན་ཟིན་པ་དང་། ནས་ཀྱི་སོན་བཟང་ཁེབས་ཚད་95%ཡན་ཟིན་པ་བྱ་རྩིས་ཡོད་ཅིང་། ད་དུང་གྲོ་རིགས་དང་གཟན་ཆགས་ལོ་ཏོག་སོན་བཟང་འདེབས་གསོའི་ཞིང་ཁ་མུའུ་ཁྲི་4ནས། འབྲུ་རིགས་ཐོན་སྐྱེད་གཙོ་བོའི་རྫོང(ཆུས་)10ལ་ས་དཔྱད་ལུད་སྦྱོར་དང་ལུད་རྒྱག་པའི་ཚོད་ལྟའི་དཔེ་སྟོན་མུའུ་ཁྲི་48དང་། འབྲུ་རིགས་ལྗང་མདོག་དང་། སྤུས་ཚད་མཐོ་བ། ཕན་འབྲས་མཐོ་བ་བཅས་འཛུགས་གཏོད་ཀྱི་དཔེ་སྟོན་ཞིང་ཁ་མུའུ་ཁྲི་48མུ་མཐུད་ལག་ལེན་བསྟར་རྩིས་ཡོད་པ་རེད།