《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月20日

ཆེ་དགྲ་ལྷས་མངའ་རིས་ས་ཁུལ་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཚེས་15ནས་17ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མངའ་རིས་ས་ཁུལ་དུ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་དང་། སྐྱེ་ཁམས་སྲུང་སྐྱོང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། “དེ་བས་ནན་པ་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

ཆེ་དགྲ་ལྷ་དང་བཅས་པ་སྔ་རྗེས་སུ་སྒར་རྫོང་གི་མོན་འཚེར་ཤང་དང་། སྤུ་ཧྲེང་རྫོང་གི་བར་ག་ཤང་དང་ཧོར་ཤང་། རུ་ཐོག་རྫོང་གི་ར་བང་ཤང་བཅས་སུ་ཕེབས་ནས་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱས་ཚུལ་ལ་གཟིགས་པ་རེད། ས་ཆ་དངོས་སུ་བརྟག་ཞིབ་གནང་རྗེས་ཆེ་དགྲ་ལྷས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འབྲེལ་ཡོད་ལས་དོན་སྙན་སེང་གསན་པ་རེད། ཁོང་གིས་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། མངའ་རིས་ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལོ་རྒྱུས་ཀྱིས་ཐག་གཅོད་རྒྱུར་ལུས་པའི་གནད་དོན་ཡིན་པའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དག་ཐེར་ལས་དོན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ་རེད། གོམ་སྟབས་རྗེས་མར་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིའི“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི”མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཏན་ཏིག་ལེན་པ། ནོར་འཁྲུལ་དང་ངོས་འཛིན་གསལ་པོ་མེད་པ་མཐའ་དག་མཐའ་གཅིག་ཏུ་སེལ་བ་བཅས་བྱས་ཏེ། “སྐྱེ་ཁམས་འདུ་ཤེས་ཞན་པ་དང་། མང་ཚོགས་ཀྱི་འདུ་ཤེས་ཟབ་པོ་མེད་པ། ཁྲིམས་ལྟར་དོ་དམ་བྱེད་རྒྱུ་མི་འདང་བ། བཅོས་སྐྱོང་བྱེད་ཕྱོགས་ཞན་པ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡག་པོ་མེད་པ”སོགས་ལ་སྣ་སུན་ཆེན་པོ་སྤྲད་དེ་བསམ་ཞིབ་ཡང་ཡང་བྱེད་དུ་འཇུག་པ་དང་། དངོས་ཐོག་བདེན་འཚོལ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) འགན་འཁྲི་ཧུར་ཐག་འཁུར་བ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ནས་སྤུས་ཚད་ལེགས་པོས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྐོར་གཟིགས་དག་ཐེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་གཞིར་བཟུང་། མ་དངུལ་ལ་དོ་དམ་ནན་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་དགའི་ཐེབས་རྩ་འཛུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སློབ་གསོ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་པའི་ཧུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཚོའི་ཐོབ་སྣང་སྔར་བས་ཆེ་རུ་གཏོང་བ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

དེའི་རིང་ཆེ་དགྲ་ལྷས་ད་དུང་མངའ་རིས་ས་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོར་བླང་བྱ་བཏོན་གནང་བ་རེད། ཁོང་གིས་གསར་བརྗེའི་སྙིང་སྟོབས་ཀྱི་ཁྱིམ་གཞིས་ལ་ལྟ་སྐྱོང་ཡག་པོ་བྱས་ནས། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ཀྱི“རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ”ལ་སློབ་སྦྱོང་ཡག་པོ་དང་། “མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ”ལ་གོ་བ་གཏིང་ཟབ་ལོན་པ། “སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད”ཡག་པོ། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་རིང་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན། རང་སྲོག་བློས་གཏོང་དང་འབད་འཐབ་ཀྱི་གསར་བརྗེའི་སྙིང་སྟོབས་སྐྱེད་སྲིང་བཅས་བྱས་ནས། དུས་རབས་གསར་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཉམས་འགྱུར་བཟང་པོ་མངོན་དགོས། སྔོ་ལྗང་གི་སྐྱེ་ཁམས་ཁྱིམ་གཞིས་ལ་ལྟ་སྐྱོང་ཡག་པོ་བྱས་ནས“སྐྱེ་ཁམས་སྲུང་སྐྱོང་ནི་ས་ཁོངས་ཤིག་གི་བྱ་བ་མིན་པར་སྤྱི་ཡོངས་ཀྱི་འཐབ་ཇུས་ཡིན་པ་དང་། གནས་སྐབས་བྱས་རྗེས་འཇོག་པ་ཙམ་མིན་པར་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པའི”ངོས་འཛིན་གཏིང་ཟབ་བྱེད་པ་དང་། “རི་གཉིས་སྨྲ་བའི”དགོངས་པ་བརྟན་པོ་འཛུགས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བརྟན་པོ་སྐྲུན་པ། སྐྱེ་ཁམས་ཀྱི་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁར་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་བཅས་ཀྱིས་སྐྱེ་ཁམས་ཀྱི་རིན་ཐང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་ཡུན་རིང་གི་ལེགས་ཆར་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

(རིག་རྡོར་གྱིས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)