《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

རྩྭ་དང་རྩི་ཤིང་སེམས་ཀྱི་དབུས་སུ་བཅངས། རི་སྔོན་ཆུ་དྭངས་སྲུང་སྐྱོང་ལེགས་པར་བྱེད།

“ང་ཚོའི་ས་ཚིགས་དེ་གདོད་མའི་ནགས་ཚལ་སྲུང་སྐྱོང་གི་ས་ཚིགས་དང་པོ་དེ་ཡིན་པས་དེར་སྲུང་སྐྱོང་ཡག་པོ་བྱེད་དགོས”མི་རིང་བའི་གོང་རྒྱལ་ཡོངས་ཀྱི“སྐྱེ་ཁམས་ནགས་སྲུང་བ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པའི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ཤང་ཀླུ་ཞར་རོང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་བ་པད་མ་ཚེ་རིང་གིས་ངས་ཉིན་ལྟར་རི་སྐོར་བརྒྱབ་ནས་ལྐོག་ཏུ་ཤིང་གཅོད་མཁན་བཀག་འགོག་བྱེད་ཀྱི་ཡོད།

འདི་ལོ་ལོ་72ལ་སླེབས་པའི་པད་མ་ཚེ་རིང་གཏམ་སྙན་ཤང་ཀླུ་ཞར་གྲོང་ཚོ་ནས་ཡིན་ཞིང་། ཁོང་དང་ཁོང་གི་ལས་གྲོགས་ལོ་68ལ་སླེབས་པའི་བསོད་ནམས་ཚེ་རིང་གིས་ཀླུ་ཞར་ལུར་ཤུར་སྲུང་བཞིན་ཡོད་པ་དང་དེ་གའི་གདོད་མའི་ནགས་ཚལ་ཁྲོད་གངས་ལྷ་མེ་ཏོག་དང་ཡུན་ཧྲན་གསོམ་ཤིང་སོགས་རྩ་ཆེའི་རྩི་ཤིང་དང་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་སྣ་ཚོགས་ཡོད།

“ཉེ་བའི་ལོ་ཤས་རིང་། འདི་གར་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་ལ། ཕུན་སུམ་ཚོགས་པའི་ནགས་ཁྲོད་ཐོན་ཁུངས་ཀྱིས་གྲོང་མི་ཚོར་དངོས་ཕན་ཆེན་པོ་ཐོབ་ཡོད། ལོ་ལྟར་གྲོང་ཚོའི་དུད་ཚང་ཚང་མར་བེ་ཤ་དང་། ཤ་མོ་སོགས་ནགས་ཁྲོད་ཐོན་ཁུངས་ལས་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་དང་ཐ་ན་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་གི་ཡོད”ཅེས་ཀླུ་ཤར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་སྒྲོལ་མས་བརྗོད་པ་དང་། ཁོང་གིས་དེ་ནི་གྲོང་ཚོའི་ཉེ་འཁོར་གྱི་རི་སྔོན་ཆུ་དྭངས་ཀྱི་རང་བྱུང་ཁོར་ཡུག་ལས་བྱུང་བ་ཞིག་རེད་ཅེས་བརྗོད།

2012ལོར་སྨན་གླིང་རྫོང་གིས་ཀླུ་ཞར་ལུང་ཤུར་དོ་དམ་སྲུང་སྐྱོང་ས་ཚིགས་བཙུགས་པ་དང་། ཀླུ་ཞར་གྲོང་ཚོས་འོས་སྦྱོར་བྱས་པ་བརྒྱུད་པད་མ་ཚེ་རིང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་བར་གྱུར།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

གཏམ་སྙན་ཤང་ཀླུ་ཞར་རོང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་ནགས་སྲུང་བ་བྱས་མ་ཐག་པའི་དུས་དེར་པད་མ་ཚེ་རིང་གི་ནགས་ལས་ཀྱི་ཆེད་ལས་ཤེས་བྱ་ཤིན་ཏུ་ཞན། འོན་ཀྱང་ཁོང་གིས་དད་སེམས་བརྟན་པོ་དང་རང་ཉིད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་ནགས་ལས་སྐོར་གྱི་སྲིད་ཇུས་དང་། ཁྲིམས་སྲོལ། རྨང་གཞིའི་ཤེས་བྱ། ནགས་ལས་ལས་དོན་བཅས་ཀྱི་གཞི་རྩའི་ཆོས་ཉིད་མགྱོགས་མྱུར་ཁོང་དུ་ཆུད་པར་བྱས་པས་ནགས་སྲུང་བ་ཕུལ་བྱུང་ཞིག་ཏུ་གྱུར།

“ནགས་སྲུང་བ་བྱས་པ་ནས་བཟུང་། ལོ་ལྟར་ཆ་སྙོམས་ལྷམ་ཆ་ལྔ་དྲུག་ཙམ་རལ་གྱི་ཡོད་པ་མ་ཟད། ཁོང་ལ་ལོ་ཧྲིལ་པོར་ཧ་ལམ་ངལ་གསོའི་དུས་ཚོད་མེད”ཅེས་བཟའ་ཟླ་དཔལ་སྐྱིད་ཀྱིས་འཁང་ར་དང་བཅས་བརྗོད། ཡིན་ནའང་ནང་མི་ཚོས་ཁོང་གི་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་ཀ་དེར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད།

ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། པད་མ་ཚེ་རིང་གིས་ངང་རྒྱུད་རིང་པོས་བཅར་འདྲི་དང་དྲིལ་བསྒྲགས་ཞིབ་ཚགས་བྱས་པ་བརྒྱུད། གྲོང་མིའི་ནགས་གཅེས་ནགས་སྲུང་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཀླུ་ཞར་གྲོང་ཚོར་ནགས་ཚལ་ཐོན་ཁུངས་ལ་གཏོར་སྐྱོན་གཏན་འགོག་དང་། ནགས་སྲུང་མེ་ཟོན། ཉེན་བརྡ་རྒྱུན་སྒྲོག་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་ཏེ་ནགས་སྲུང་ལས་དོན་བདེ་བླག་ངང་སྤེལ་བར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

ཉིང་ཁྲིར་པད་མ་ཚེ་རིང་དང་འདྲ་བའི་ཆེད་བསྐོས་ནགས་སྲུང་བ་3000ལྷག་ཙམ་དང་མང་ཚོགས་ནགས་སྲུང་བ་ཁྲི་12ལྷག་ཙམ་ཡོད། ལས་གནས་དེ་དག་ཚང་མ་ཞིང་འབྲོག་པ་དཀྱུས་མས་འགན་འཁུར་གྱི་ཡོད། ད་ཆ་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་དུ་ཕྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་མང་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

“ངས་ལས་ཀ་འདི་བྱེད་པ་ནི་རང་ཉིད་ཀྱི་ཆེད་དུ་མིན་པར་ཕ་ཡུལ་གྱི་རི་དང་། ལྗོན་ཤིང་། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་ཡིན”ཞེས་བགྲེས་སོང་པད་མ་ཚེ་རིང་གི་སྐད་ཆ་ལས་ཉིང་ཁྲིའི་ནགས་སྲུང་བ་གྲངས་ལས་འདས་པའི་བསམ་འདུན་མཚོན་ཡོད།

མི་ཚང་མ་ས་མཐོའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་ཞུགས་པ་དང་། ཉིང་ཁྲིས་གངས་ལྗོངས་ས་མཐོར“ཁ་བཏཌ་སྔོ་ལྗང”གཡོགས་ཡོད། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མི་ཐབས་ལ་བརྟེན་ནས་ནགས་བཟོ་ཁྱོན་མུའུ་ཁྲི་27ལྷག་ཙམ་འཕར་བ་དང་། བྱེ་འགྱུར་ས་ཆ་མུའུ་ཁྲི་20ཙམ་བཅོས་སྒྲིག་བྱས་པ། ནགས་ཚལ་མུའུ་ཁྲི་41གསོ་སྐྱོང་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་པ་དང་། ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད།