《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

2020ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་སྙན་ཞུའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་17ཉིན་གྱི་སྔ་དྲོ། 2020ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་ཡོངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། རང་ལྗོངས་ཀྱི་2020ལོའི་ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་གྱི་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་ལི་ཅིན་ཞང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལི་ཅིན་ཞང་གིས་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་ཡག་པོ་བྱེད་པ་ནི་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། བོད་ཀྱི་རིམ་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་བསམ་བློ་དང་བྱ་སྤྱོད་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱེད་དགོས། མིག་སྔའི་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་དཔྱད་ཞིབ་སྐོར་ཞིབ་ལས་དོན་ཐུན་མོང་ཐོག་ལེགས་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།

པད་མ་དབང་འདུས་ཀྱིས་རིམ་ཁག་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་དཔྱད་ཞིབ་སྐོར་ཞིབ་ལ་ལྟ་སྟངས་ནན་པོ་འཛིན་པ་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུཌ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྣམ་འགྱུར་སྔར་བས་སེམས་ཐག་ཆོད་པ་དང་། བྱ་སྤྱོད་སྔར་བས་རང་འགུལ། བྱ་ཐབས་སྔར་བས་ནུས་ལྡན། ལམ་ལུགས་སྔར་བས་འཐུས་ཚང་། ལས་དོན་སྔར་བས་ཏན་ཏིག་བཅས་ལ་བརྟེན་ནས་བདེ་འཇཌ་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་འཇགས་ལྟ་སྐུལ་དོ་དམ་དང་ལྟ་ཞིབ་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་རྒྱུན་ཆད་མེད་པར་མགྱོགས་མྱུར་འཛུགས་པ། བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་ནུས་པའི་མ་ལག་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ལ་ལེགས་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།