《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཧུའུ་ནན་བོད་སྐྱོར་གྱིས“རྒྱུགས་ལན”ཡག་པོ་ཞིག་ཕུལ་བ།

—— ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྐོར་བཀོད་པ།

ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཁག་དགུ་པ་སྤེལ་བ་ནས་བཟུང་། བོད་སྐྱོར་ལས་དོན་རུ་ཁག་གིས“དོན་ཆེན་བཞིར”དམིགས་ནས་གཙོ་གནད་དམ་འཛིན་དང་། “གཙོ་གནད་བཞི”དང་བསྡུར་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ལ“རྒྱུགས་ལན”ཡག་པོ་ཞིག་ཕུལ་བ་རེད།

དམངས་འཚོར་དམིགས་ཏེ་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བ།

2020ལོའི་ཟླ་8པར་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་རོགས་རམ་འོག་ལྷུན་རྩེ་རྫོང་བྱ་ཡུལ་ཤང་དག་ཀྲིབ་གྲོང་ཚོའི་བཀྲ་ཤིས་གཡང་འཛོམས་ལ་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་སྨན་རིན་མི་དགོས་པར་མིག་གཡས་པའི་མིག་སྐྱི་གཤགས་བཅོས་བྱས་པ་རེད། “བོད་སྐྱོར་ལས་བྱེད་པས་ང་ལ་འོད་སྣང་སྦྱིན་བྱུང”སླར་ཡང་འོད་སྣང་མཐོང་བའི་ལོ་12ལ་སླེབས་པའི་བཀྲ་ཤིས་གཡང་འཛོམས་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་སླད་ཕྱིན་ངས་སློབ་སྦྱོང་ཡག་པོ་བྱས་ནས་བོད་སྐྱོར་ལས་བྱེད་པས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ཧུའུ་ནན་ཞིང་ཆེན་གྱི་རོགས་སྐྱོར་འོག་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བློ་གྲོང་ཚོར་སྐྱེ་ཁམས་རིག་གནས་བྱེད་སྒོའི་ཐང་ཆེན་བསྐྲུན་པ་རེད། “ཐང་ཆེན་བསྐྲུན་རྗེས་ཚང་མས་དགོང་མོ་དེར་འཛོམས་ནས་སྒོར་གཞས་འཁྲབ་ཆོག་པ་དང་ཉིན་མོ་དེ་གར་བྱེད་སྒོ་སྤེལ་ཆོག་པས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་སོང”ཞེས་གྲོང་ཚོ་དེའི་མང་ཚོགས་ཟླ་བས་དགའ་ཚོར་ཆེན་པོའི་ངང་བཤད།

དེ་ནི་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ལྷོ་ཁའི་དམངས་འཚོ་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་བསྡུས་རིས་ཙམ་རེད། མིག་སྔའི་བར་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.3བཏང་ནས་གོང་དཀར་རྫོང་དང་། གྲ་ནང་རྫོང་། ཟངས་རི་རྫོང་། ལྷུན་རྩེ་རྫོང་བཅས་ལ“གཅིག་རེའི་ལྔའི”དམངས་ཕན་འདུ་འགོད་ལག་ལེན་བསྟར་རོགས་བྱས་པ་དང་། ལྷོ་ཁར་ཐུམ་འབུའི་ནད་ཀྱི་ནད་ཐོག་སྨན་བཅོས་དང་དུས་འགོའི་ནད་དཔྱད་ཚོད་ལྟ་ཁང་བཙུགས་པ། གོང་དཀར་རྫོང་མི་དམངས་སྨན་ཁང་རང་ལྗོངས་ཀྱི་རྫོང་རིམ་པའི་སྨན་བཅོས་སྒྱུར་བཅོས་ཚོད་ལྟའི་ཚན་པ་ཁག་དང་པོར་གྱུར་པ། ཐེམ་ཁུངས་ལྷོ་ཁ་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་78ཧུའུ་ནན་ཞིང་ཆེན་གྱི་བྱ་གཞག་ཚན་པ་དང་གཞུང་ཁོངས་ཁེ་ལས་སུ་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་བ། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་ཉིང་ཤང་དཔལ་འབྱོར་གསར་སྤེལ་ཁུལ་དུ་མི་150ལས་ཞུགས་ཐུབ་པའི་ཐེམ་ཁུངས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་རྟེན་གཞི་བཙུགས་པ། ས་མཐོའི་སྦྲང་རྩི་དང་། ནས་ལས་སྣོན་ཞིབ་ཚགས། བོད་ཕག་གསོ་ཚགས། སྔོ་ཚལ་དྲོད་ཁང་ཆེ་མོ་སོགས་དབུལ་སྐྱོར་ཐོན་ལས་བཙུགས་ནས་ལས་ཞུགས་ལས་གནས་440ལྷག་ཙམ་མང་དུ་བཏང་བ་རེད།

དྲང་སྲུང་གསར་གཏོད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཧུའུ་ནན་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་བོད་སྐྱོར་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ཡོད། “ང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་བོད་སྐྱོར་གྱི་ཚད་བརྒལ་སར་བརྩིས་ནས་བོད་སྐྱོར་གྱི་རང་བརྟེན་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས། ལྷོ་ཁ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་སྤྱི་ཁྱབ་སྣེ་ཁྲིད་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཅུས་ཕེ་ཡིས་བཤད།

ལྷུན་རྩེ་རྫོང་གི་བོད་ཕག་གསོ་ཚགས་རྟེན་གཞིར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་ཕག་ཚང་སྟར་པ་29ཡོད་པ་མི་རྣམས་ཀྱི་མིག་ལམ་དུ་འཆར། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེའི་ས་བཟུང་རྒྱ་ཁྱོན་མུའུ་164ཟིན་པ་དང་ལག་ཡོད་ཕག་པ་མགོ་གྲངས་ཁྲི་1.2ཟིན་པའི་མོ་ཕག་གསོ་སྤེལ་ར་བ་3དང་ལོར་ཕག་པ་མགོ་གྲངས་ཁྲི་3བཤས་གཏོང་བའི་དཔེ་དབྱིབས་གསོ་ཚགས་རྟེན་གཞི་1བསྐྲུན་ཡོད་པ་ཕུད། ད་དུང་བཤས་ར་དང་། གྲང་ཕྲེང་སྡེབ་སྐྱེལ། ཤ་རིགས་ལས་སྣོན་བཟོ་གྲྭ་སོགས་བསྐྲུན་རྒྱུ་ཡིན་པ་རེད།

གནད་སྨིན་འཆར་འགོད་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ།

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་གྲོང་ཚོར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་དང་། དཀར་ཆ་དོད་པའི་བོད་བཟོའི་ཐོག་ཁང་། གྲལ་སྟར་འགྲིག་པའི་ཉི་ནུས་ལམ་སྒྲོན་སོགས་ལྡན་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྣམ་པས་ཁེངས། ཧུའུ་ནན་ཞིང་ཆེན་གྱི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མཐའ་མཚམས་མང་ཚོགས་ཕྱུག་འགྱུར་ཡོང་བ་དང་མཐའ་སྲུང་མཐའ་བརྟན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་བསལ་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། ཧུའུ་ནན་ཞིང་ཆེན་གྱི་རོགས་སྐྱོར་འོག་དེ་སྔའི་ལུང་ཁུག་ཏུ་གནས་པའི་ཡུལ་སྨད་གྲོང་ཚོ་དེ་ད་ཆ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བསྐྲུན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྨད་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ནི་ཧུའུ་ནན་འཛུགས་སྐྲུན་བཟོ་སྐྲུན་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་1.49བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་། ཁང་པ་དང་འགྲོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཕུད་ད་དུང་ལོར་ལག་ཡོད་ཕག་པ་མགོ་གྲངས་ཁྲི་1ཟིན་པའི་བོད་ཕག་གསོ་ཚགས་རྟེན་གཞི་སོགས་ཐོན་ལས་རྣམ་གྲངས་འཆར་འགོད་བྱས་ནས་བསྐྲུན་པ་རེད།

བོད་སྐྱོར་བརྩེ་སེམས་ཟབ་ལ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ལས་དོན་ཏན་ཏིག་བསྒྲུབས་ནས་མང་ཚོགས་ལ་བྱ་བ་དངོས་དང་དཀའ་ངལ་སེལ་རོགས་བྱས་པས། ཧུའུ་ནན་དང་བོད་ལྗོངས་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཐེབས་ནས་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ཆེད་སྒུལ་ཤུགས་བསྣན་ཡོད།

(ཚེ་ཁོས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)