《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གཞིར་བཟུང་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་དང་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཅང་ཅེས། ཞབས་ཞུའི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་མཐའ་མཚམས་མང་ཚོགས་མཐའ་དར་མཐའ་བརྟན་ནང་ཞུགས་པའི་ཧུར་སེམས་གང་ཐུབ་འཕེལ་བ་བྱས་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་། མང་ཚོགས་རང་མོས། སྤྱི་ཚོགས་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ། མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་དུ་བསྐྱོད་དེ་རེ་རེ་བཞིན་ལ་ཞིབ་དཔྱད་དང་བརྟག་དཔྱད་མཐིལ་རྟོགས་བྱེད་པ། མཚམས་ཚིགས་གལ་ཆེན་གྱི་གྲོང་ཚོ་དང་གྲོང་རྡལ་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་གཅིག་སྡུད་འོས་འཚམ་བྱ་རྒྱུ་རྩ་དོན་དུ་བྱས་ཏེ་འཆར་འགོད་ཁྲིད་སྟོན་ཡག་པོ་བྱེད་པ་བཅས་བྱས་ཏེ་ལས་ཀའི་ཚན་རིག་རང་བཞིན་དང་། གནད་སྨིན་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། སྲིད་ཇུས་མཐར་ཕྱིན་པ་སྦྱོང་བ་དང་ཚད་གཞི་གཅིག་གྱུར་བཟོས་ནས་གཙོ་གནད་འབུར་དུ་ཐོན་པ་དང་སྔོན་བྲེལ་རྗེས་ལྷོད་མཐའ་འཁྱོངས་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་གཏོང་བ། མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ལས་དར་དམངས་ཕྱུག་ཐད་འབད་བརྩོན་བཅས་བྱས་ནས་སྤུས་འབོར་གཉིས་ལྡན་ངང་མཐའ་མཚམས་ས་ཁུལ་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།