《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月19日

རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་གཏིང་ཟབ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ནང་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་སློབ་སྦྱོང་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ཉེ་ཆར་ཆབ་མདོ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་བདེ་ཆེན་ལྷ་མོ་གདན་དྲངས་ནས་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོ་ལྟེ་གནས་སུ་ལས་བྲལ་དང་རྒན་ཡོན་ཞུས་པའི་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ་རེད། འཆད་ཁྲིད་བྱེད་སྐབས་བདེ་ཆེན་ལྷ་མོས“‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དང‘ལམ་གཉིས་ཀྱི་སྙིང་སྟོབས’དར་སྤེལ་དང་རྒྱུན་འཛིན་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”སྐྱེད་སྲིང་དང་། གྲུབ་པ། འཕེལ་རྒྱས་བཅས་དང་དེ་བཞིན་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། དུས་རབས་ཀྱི་རིན་ཐང་བཅས་ལ་གོ་རིམ་ལྡན་ལ་ཕྱོགས་ཡོངས་དང་གོ་བདེ་ཤེས་སླའི་ངང་འགྲེལ་བཤད་བརྒྱབ་པ་རེད།

ལས་བྱེད་པ་རྒན་གྲས་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཧུར་ཐག་བྱེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སླེབས་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་རིག་རྩལ་བརྩམས་ཆོས་རབ་དང་རིམ་པ་བཏོན་ནས་དུས་རབས་གསར་པའི་ཉིང་ཁྲིའི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཉིང་ཁྲིའི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ལྷད་མེད་བརྩེ་སེམས་མཚོན་པར་བྱས་ཡོད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་གླུ་གཞས《རྗེས་ཤུལ》ཡོངས་བསྒྲགས་བྱས་ཤིང་། གཞས་ཚིག་བརྒྱུད་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། སྒྱུར་བཅོས་སྒོ་དབྱེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་བཅས་གླེང་ཞིང་། གླུ་གཞས་དེ་ཉིད་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཏུ་འགྱུར་བར་བྱས་པས། བཏོན་རྗེས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་གཞས་དེ་ཧུར་ཐག་སྦྱངས་ཏེ་རྒྱ་ཁྱབ་ངང་བརྒྱུད་གཏོང་བྱེད་པའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་སྔར་བས་སློབ་སྦྱོང་དང་ཤེས་རྟོགས་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི“འཚོ་བཅུད”ལ་བརྩིས་ནས་མཐའ་འཁྱོངས་བྱས་པ་དང་། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་དང་། སྐད་འཕྲིན། ཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། གྲོང་ཚོའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་ཀྱིས་ཞིང་འབྲོག་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་གློག་བརྙན་ལྟ་བ་དང་། གསར་བརྗེའི་གཏམ་རྒྱུད་ཀློག་པ། གསར་བརྗེའི་སྙན་ངག་གྱེར་འདོན། གསར་བརྗེའི་གླུ་གཞས་བརྒྱུད་གཏོང་བཅས་བྱས་པ་དང་འབྲེལ། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཆེད་དོན་ཏང་གི་སློབ་ཚན་དང་། ཆེད་དོན་འཆད་ཁྲིད། གསར་བརྗེའི་མཚན་སློབ་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ནས། ཞིང་འབྲོག་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།

རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་བྱས་རྗེས་སློབ་སྦྱོང་གཏིང་ཟབ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མངའ་རིས་ས་ཁུལ་དུ་སྔོན་གཤེགས་དཔའ་བོར་སློབ་སྦྱོང་དང་གོང་བཀུར་ཞུ་བའི་རྣམ་པ་ཟབ་མོ་ཆཌ་པ་བཅས་བྱ་ཆེད། ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱིས་མིག་སྔར་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་བྱས་རྗེས་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་མངའ་རིས་ས་ཨུད་ཀྱི་ཨུ་ཡོན་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཡན་ཤིན་གྱིས་རྒྱལ་སྲུང་མཐའ་སྲུང་གི་དཔའ་བོའི་བྱས་རྗེས་ཁག་5བཤད་ཅིང་། སྔོན་གཤེགས་དཔའ་བོའི་བྱས་རྗེས་ལས་མི་རྣམས་ལ་སེམས་འགུལ་ཟབ་མོ་ཐེབས་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་སེམས་ཤུཌ་འཕེལ་ལ། དེར་ཡོད་པའི་ལས་བྱེད་མང་ཚོགས་ཚང་མར་བསམ་པའི་ཞུན་བརྡར་དང་གཡོ་འགུལ་ཟབ་མོ་ཐེབས་ཡོད་པ་རེད།

“ང་ཚོས་ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་འགན་ལེན། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བཅས་ཀྱི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་སྲིད་ཁྲིམས་ཨུ་ལྷན་བརྟན་ལྷིང་སྲུང་སྐྱོང་མཛུབ་ཁྲིད་ཁོའོ་ཡི་ཁོའོ་ཀྲང་ཉི་མ་ལྷག་སྒྲོན་གྱིས་བརྗོད་པ་རེད།

(ལྷག་ཚེས་བསྒྱུར། བསོད་བདེས་ཞུས)