འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་དྲུག་པའི་ཙུའུ་ཀྲང་ལི་ཅིན་ཞང་བཅས་པ་དང་བཞུགས་མོལ་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཞུགས་མོལ་གནང་སྐབས་ལྷན་དུ་ཞུགས་པ་རེད།
ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝུའུ་དབྱིང་ཅེས། བོད་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་སྔར་བཞིན་ཞན་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེན་པོ་ཡོད། དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ང་ཚོར་ཉམས་ཞན་གྱི་ལྷུ་ཚིགས་འཚོལ་རོགས་དང་། འགོག་ཟོན་བྱེད་ཐབས་ལེགས་སུ་གཏོང་རོགས། ཞན་ཆ་དང་སྐྱོན་ཆ་སེལ་རོགས་བཅས་བྱས་ནས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ང་ཚོས་ད་ཐེངས་ཀྱི་དཔྱད་ཞིབ་སྐོར་བཤེར་གོ་སྐབས་སུ་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ། ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོ་ཡིན་པའི་བསམ་བློ་དར་སྤེལ་གཏོང་བ།
(པར་ངོས་བཞི་པར་གཟིགས)
(པར་ངོས་དང་པོར་མཐུད) བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། བདེ་འཇགས་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་ནུས་ལྡན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྔར་བས་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།
ལི་ཅིན་ཞང་གིས། དཔྱད་ཞིབ་སྐོར་བཤེར་ཚོགས་ཆུང་གིས་འགན་འཁྲི་ནན་ཏན་ངང་འཁུར་བ་དང་། ལས་དོན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ལས་དོན་གྱི་གནས་ཚུལ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་མངོན་པ། བོད་ཀྱི་བྱེད་ཐབས་དང་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ། བསམ་འཆར་དང་གྲོས་འགོ་འདོན་པ། སྤུས་ཚད་མཐོ་པོས་དཔྱད་ཞིབ་དང་སྐོར་བཤེར་བཅས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
(རིག་རྡོར་གྱིས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)