《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月17日

གཞིས་རྩེ་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་ཞིང་ལས་གཙོ་གནད་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོར་གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཞིང་ལས་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཞིང་ལས་གྲོང་གསེབ་ཀྱི་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཁྲི་4.22ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་4.64བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི་འདི་ལོའི་དཔྱིད་འདེབས་ལས་དོན་དེ་ཟླ་4པའི་ཟླ་སྨད་ནས་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་དང་ཟླ་6པའི་ཟླ་དཀྱིལ་གོང་དུ་མཇུག་འགྲིལ་རྒྱུ་རེད། ན་ནིང་སྟོན་བསྡུ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་ལག་རྩལ་རྐང་འཛིན་པ་བསྡུ་སྒྲིལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞིར་ས་བོན་གྱི་སྤུས་ཚད་དོ་དམ་ཚོད་འཛིན་ནན་ཤོས་ལག་ལེན་བསྟར་བས་ནས་ཀྱི་སོན་བཟང“རྐྱང་བསྡུ་དང་། རྐྱང་ལས། རྐྱང་འདྲེན། རྐྱང་གསོག”བཅས་ཀྱི་ལས་དོན་དངོས་འབྲེལ་མངོན་འགྱུར་བྱུང་ནས་ས་བོན་གྱི་སྤུས་ཚད་ཀྱི་འགག་སྒོ་ཏན་ཏིག་ངང་ཡག་པོ་བསྲུངས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི“ནས་ཀྱི་སོན་བཟང་མཁོ་སྤྲོད་རྟེན་གཞིའི”སྤུས་རྟགས་བཏོད་ཡོད། 2021ལོར་གཞིས་རྩེ་གྲོང་ཁྱེར་གྱི་གྲོ་རིགས་སྐྱེ་དངོས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ལ་མཁོ་བའི་ས་བོན་རྒྱ་མ་ཁྲི་3264.8ཟིན་ནས་རྦད་དེ་རང་མཁོ་རང་འདང་ཐུབ་ཀྱི་ཡོད། རྫས་ལུད་དང་ཞིང་སྨན་མི་འཕར་བའི་བླང་བྱ་གཞིར་བཟུང་། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་རྫས་ལུད་སྤྱོད་ཚད་2019ལོ་ལས་10%ཉུང་དུ་བཏང་ནས་མ་དངུལ་སྒོར་ཁྲི་8000བསྡུ་སྒྲིལ་བྱས་ཏེ་ཚོང་ཟོག་གི་སྐྱེ་ལྡན་ལུད་ཏུན་ཁྲི་4.07ཉོ་སྒྲུབ་བྱས་པ་རེད།