《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月17日

རང་ལྗོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཚ་རླབས་འཕྱུར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གཞུང་དོན་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐད་མཛུབ་སྟོན་ཐེངས་མང་གནང་བ་དང་འབྲེལ་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡང་གནང་བ་རེད། ཉིང་ཁྲིར་བརྟག་ཞིབ་གནང་སྐབས། ཧོ་ཝུན་ཧའོ་ཡིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་དེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་གནང་ཞིང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) དཔའ་བོའི་དྲན་གསོ་ཁང་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་། རྫ་ཡུལ་རྫོང་གི་བཅའ་སྡོད་དཔོན་དམག་དང་མཉམ་དུ་གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་དང་། སྤྱིར་བཏང་མིན་པའི་ལོ་ཟླ་བསྐྱར་དྲན། བསམ་པའི་སྟོབས་ཤུགས་བསྡུ་ལེན་བཅས་བྱས་པ་རེད། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྒྲིག་འཛུགས་ནན་ཏན་བྱས་ཏེ་སྤེལ་ཞིང་། ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཏང་གི་ལོ་རྒྱུས་ཤོད་པ། ཏང་གི་ལོ་རྒྱུས་ཤེས་པ། ཏང་གི་ལོ་རྒྱུས་དྲངས་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཟུར་ཁྲིད་འཆད་ཁྲིད་དང་། བརྗོད་དོན་གཙོ་བོའི་གཏམ་བཤད། སློབ་སྦྱོང་བགྲོ་གླེང་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་འགྲེལ་བཤད་རྣམ་པ་དང་། བགྲོ་གླེང་རྣམ་པ། མཉམ་འགུལ་རྣམ་པ་བཅས་ཀྱི་སློབ་སྦྱོང་བྱས་པ་རེད། ལས་ཁུངས་ཀྱི་ཀྲི་པུའུ་ཁག་གིས་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་གི་ལོ་རྒྱུས་སློབ་སྦྱོང་ལ་སྐུལ་འདེད་བཏང་བ་དང་། ཏང་ཡོན་ལས་བྱེད་པས་གཏམ་བཤད་སྤེལ་རེས་ཀྱི་དཔྱད་གཞིའི་ཡིག་ཆ་དང་སློབ་སྦྱོང་གི་མྱོང་ཚོར་ནན་ཏན་ངང་བྲིས་པ་དང་གཏམ་བཤད་ཧུར་ཐག་སྤེལ་བས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།

ཁྲིམས་ཁང་ཁོངས་གཏོགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བསོད་དར་གྱིས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། གཞུང་དྲང་ཁྲིམས་འཛིན་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བ་བྱས་ཏེ་འདྲི་གཅོད་ལག་བསྟར་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ལག་བསྟར་གྱོད་སྒྲུབ་གཉིས་གལ་ཆེའི་གནས་བབ་གཅིག་མཚུངས་སུ་བཞག་ནས་གྱོད་སྒྲུབ་དེ“ངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང་མཉམ་དུ་ཚུད་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། གྱོད་ཐག་མ་ཆོད་པའི་གྱོད་གཞི་དུས་བཀག་ལྟར་གསེད་བཀྲོལ་བྱེད་པ། ལས་ཀའི་རྩིས་ཁྲ་བཟོ་བ། ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ། གྱོད་གཞི་རེ་རེ་བཞིན་ལ་ཐག་གཅོད་བྱེད་ཐབས་བཟོ་བ། རིགས་དབྱེ་ནས་ལག་བསྟར་བྱ་ཐབས་སྤྱོད་པ། ཕྱོགས་བསྡུས་ཇུས་འདོན་གྱིས་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་བ། ལག་བསྟར་བྱ་ཐབས་ཡོད་ཚད་སྤྱོད་པ་བཅས་བྱས་ནས་གྱོད་གཞི་དུས་བཀག་ལྟར་གྱོད་ཐག་གཅོད་པའི་འགན་ལེན་བྱས་ཡོད།

ཞིབ་དཔྱོད་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ལས་འགན་ལ་དམ་འཛིན་བྱ་རྒྱུ་དང་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད། ལྗོངས་ཞིབ་དཔྱོད་ཁང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས“ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ལ་ལེགས་སྐྱེས་རླབས་ཆེན་ཕུལ་བར་ངོས་འཛིན་གཏིང་ཟབ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སློབ་སྦྱོང་བགྲོ་གླེང་བྱས་ཤིང་། ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤ་ཁེ་ཆིན་གྱིས་སྣེ་ཁྲིད་དེ་བགྲོ་གླེང་གཏམ་བཤད་སྤེལ་བ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་། “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཁེ་གསུམ་གྲོང་ཚོ་དང་ཐན་ཀོན་སན་གྱི་དྲན་གསོ་ཁང་སོགས་ལ་ལྟ་སྐོར་དུ་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་པ། “གསར་བརྗེའི་དྲན་ཤེས་བསྐྱར་དྲན་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ས་གནས་ས་ཐོག་གི་ཏང་གི་སློབ་ཚན་བྱེད་སྒོ་སྤེལ་བ་དང་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་ནས། ལས་བྱེད་ཉེན་རྟོག་པར་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

སྤྱི་བདེ་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཉེན་རྟོག་པའི་ཉེན་རྟོག་དར་ཆ་སྤྲོད་པའི་མཛད་སྒོའི་ཐོག་གནང་བའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཉེན་རྟོག་པ་ཡོངས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཐོག་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་བཏང་སྟེ་དམངས་ཆེད་ཁྲིམས་འཛིན་ཏན་ཏིག་བྱས་ཡོད། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་སྔ་རྗེས་སུ་ལྷ་ས་དང་ལྷོ་ཁ་སོགས་གྲོང་ཁྱེར་དང་ས་གནས་ཁག་གཅིག་གི་ཆུས་དང་རྫོང་དུ་བསྐྱོད་དེ་སྤྱི་བདེ་ལས་ཁུངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་བཀའ་སློབ་ཀྱི་དགོངས་དོན་སློབ་སྦྱོང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཚན་མོའི་སློབ་གྲྭས་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་གསར་བརྗེའི་ཏང་གི་སློབ་ཚན་གྱི་གཞི་རྟེན་གསར་གཏོད་བྱ་རྒྱུ་གཙོ་གནད་དུ་བྱས་ནས། “དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གཏམ་རྒྱུད་བསྐྱར་དྲན་བྱས་ཏེ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཆེད་དོན་ཏང་གི་སློབ་ཚན་འཚོགས་པ་རེད།

ཁྲིམས་འཛིན་ཁོངས་གཏོགས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཀྱི་འགན་འཁྲི་ཁྱོན་ཡོངས་ལ་ཁྱབ་ཅིང་། ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚང་མས་གནས་གཏན་འཁེལ་གྱི་འབྲེལ་གཏུག་ཚན་པ་བཙུགས་ནས་ཐད་གཏོགས་ཚན་པར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་ཡིས་སྣེ་ཁྲིད་དེ་ཆུ་ཤུར་བཙོན་ཁང་དང་སྟོད་ལུང་དུག་གཅོད་སུའོ་སོགས་ཚན་པར་བསྐྱོད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།