《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月17日

ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དུ་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་སྐབས།

མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ།

འདི་ནི་ཝུའུ་དབྱིང་ཅེས་ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་ཡུལ་དུ་ཨར་ལས་མི་སྣ་དང་ལྟ་སྐུལ་དོ་དམ་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་15ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་ཨ་མདོ་རྫོང་དུ་ཕེབས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག གཙོ་གནད་ལས་གྲྭ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ནག་ཆུ་ནས་ལྷ་ས་བར་གྱི་མྱུར་བགྲོད་གཞུང་ལམ(ཡངས་པ་ཅན་ནས་ལྷ་ས་བར་གྱི་དུམ་བུ)ནི་གཞོགས་གཉིས་ལ་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཡིན་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་202.43བཏང་ཟིན་པ་རེད། ཝུའུ་དབྱིང་ཅེ་ལས་ཡུལ་དུ་ཕེབས་སྐབས་གངས་བབ་བཞིན་ཡོད་ཀྱང་ཨར་ལས་མི་སྣ་དང་ལྟ་སྐུལ་དོ་དམ་མི་སྣ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ཚང་མའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། རྣམ་གྲངས་འཛུགས་སྐྲུན་དང་སྐྱེ་ཁམས་སླར་གསོ་སྲུང་སྐྱོང་གི་གནས་ཚུལ་གསན་པ་མ་ཟད། ཚང་མར་དྲོད་སྲུང་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ལས་དོན་མི་སྣ་དཔལ་ལྡན་དང་། དགྲ་ལྷ། མཚོ་མོ་སོགས་ཚང་མ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་པ་དང་ད་ཆ་ཟླ་རེར་གླ་ཆ་སྒོར་ཁྲི་1ལྷག་ཙམ་ཡོད་པ་མཁྱེན་རྗེས། ཁོང་ཚོས་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་ཁྲོམ་རར་ལས་ཞུགས་ཐུབ་པར་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་ཚོར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀ་ནན་ཏན་བྱེད་པ། མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས་པའི་ཐུགས་རེ་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་རིམ་ཁག་འགྲིམ་འགྲུལ་སྡེ་ཚན་དང་རྒྱ་ཆེའི་འགྲིམ་འགྲུལ་ལས་བྱེད་པ་དང་ལས་བཟོ་ཚོས་གོ་སྐབས་དམ་འཛིན་དང་། འབད་འབུངས་ཡར་བརྩོན། སྤུས་ཚད་འགན་ལེན། བདེ་འཇགས་འགན་ལེན་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལས་གྲྭའི་འཕེལ་རིམ་དང་ཨར་སྐྲུན་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་2018ལོར་སྐྲུན་འགོ་ཚུགས་ནས་མི་གྲངས་107ཡུན་རིང་ལས་ཞུགས་ཐུབ་ཡོད། མིག་སྔར་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞི་སྣེ་འདྲེན་དང“གྲོང་ཚོ་རེར་མཉམ་ལས་ཁང་རེའི”རྣམ་གྲངས་134སྒྲོམ་གཞིར་བྱས་པའི་དེང་རབས་འབྲོག་ལས་འཕེལ་རྒྱས་མ་ལག་རགས་ཙམ་བསྐྲུན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་སྙན་སེང་ནན་ཏན་ངང་གསན་པ་དང་འབྲེལ་ས་གནས་དེ་གའི་གཟན་རྩྭ་འདེབས་འཛུགས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་བ་རེད།

ཝུའུ་དབྱིང་ཅེས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། དོན་དངོས་ལ་གཞི་ཚུགས་པ་དང་འཆར་འགོད་ལུགས་མཐུན་བྱེད་པ། ཞིང་འབྲོག་ཐོན་ལས་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གཟན་ཆག་དང་གཟན་རྩྭ་འདེབས་འཛུགས་འོས་འཚམ་བྱེད་པ། འདེབས་གསོ་ཟུང་འབྲེལ་གྱི་ཞིང་འབྲོག་ལས་འཁོར་རྒྱུག་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱེད་དགོས། འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ས་གནས་དེ་གའི་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི“འབྲོག་ལས”སྤུས་རྟགས་གཏོད་དགོས། གྲང་ཕྲེང་ཟོག་འགྲེམས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འབྲོག་པ་མང་ཚོགས་ཚོར་བཤས་གཏོང་མི་ནུས་པའི་འདུ་ཤེས་དང་བཤའ་དུས་ཀྱི་གོམས་གཤིས་བསྒྱུར་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། བཟའ་བཅའ་ཐོན་རྫས་ལ་བསྒྱུར་བ། ཐོན་རྫས་ཚོང་ཟོག་ལ་བསྒྱུར་བ་དང་དངུལ་སྨར་ལ་ཕབ་པ། ལྗང་མདོག་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་ལ་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཨ་མདོ་རྫོང་ན་སེར་སྡེ་ཁུལ་དུ་ཝུའུ་དབྱིང་ཅེས་འགྲེམས་པང་ལ་གཟིགས་པ་དང་། སྙན་སེང་གསན་པ། ལས་བྱེད་པ་དང་མང་ཚོགས་དང་བཀའ་མོལ་གནང་ནས་རྫོང་དེའི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཁོང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་ཁྱབ་པར་བྱས་ནས་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། མཐུན་སྒྲིལ་བྱེད་མཁས་པ་དང་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཐུབ་པ། དོན་དག་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་། སྟབས་བདེ་དང་ཕན་པ་མང་ཚོགས་ལ་མཐའ་འཁྱོངས་སྤྲོད་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། སྤྲོ་སེམས་ཆེན་པོས་ལས་སྒྲུབ་ལས་གཏོད་བྱེད་པ། སེམས་རྩ་འཁོལ་པོས་དམངས་ལ་ཞབས་འདེགས་ཞུ་བ། མི་རིགས་ཁག་གི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། འགྲོ་ལམ་གྱི་དཔལ་འབྱོར་ལ་བརྟེན་ཏེ་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་རིམ་བཞིན་མང་དུ་འགྲོ་བའི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཏེ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འཁོར་རྒྱུག་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བར་ཁྲིད་སྟོན། “མོས་སེམས་ལྔ”ཆེ་རུ་གཏོང་བ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཨ་མདོ་རྫོང་སྤྱི་བདེ་ཅུས་སུ་ཝུའུ་དབྱིང་ཅེས་ཨ་མདོ་རྫོང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དང་དག་ཐེར་གནས་ཚུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། མཐའ་ཚད་ཀྱི་བསམ་བློ་ཤུགས་ཆེར་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དང་དག་ཐེར་གཏིང་ཟབ་དང་། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཉེན་རྟོག་པ་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། ལས་སྒོ་བྱང་ཆུབ་པ། འགན་འཁྲི་འཁུར་ཕོད་པ། སྒྲིག་ཁྲིམས་སྲུང་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་སྲིད་ཁྲིམས་དཔུང་ཁག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།