《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

ངས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས “ལས་གཏོད་ཐེངས་གཉིས་པ”བྱས་པ་ཡིན།

གྲོ་མོ་རྫོང་ནི་2017ལོར་ལྗོངས་ཡོངས་སུ་དབུལ་ཞྭ་ཕུད་པའི་རྫོང(ཆུས)ཁག་དང་པོ་ལྔའི་གྲས་ཤིག་ཡིན་པ་དང་། 2018ལོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྒྲིག་འཛུགས་གསར་གཏོད་ཀྱི་བྱ་དགའ”དང་། 2021ལོར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྔོན་ཐོན་མཉམ་སྡེབ་ཀྱི་བྱ་དགའ”སོགས་མང་པོ་ཐོབ་ཡོད། གཟི་བརྗིད་མཚན་སྙན་དག་ཇི་ལྟར་ཐོབ་པའི་ཐད་ལ་མི་མང་པོས་དཀའ་བ་སྤྱད་ནས་ལེགས་སྐྱེས་ཕུལ་བའི་ཁྲོད་སློབ་ཆེན་སློབ་མ་ལྷག་པ་བསམ་གྲུབ་དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་རེད།

2016ལོའི་ཟླ་ལྔ་པར་སློབ་ཆེན་ཐོན་ནས་ལས་གཏོད་ཐོག་མར་བྱེད་པའི་ལྷག་པ་བསམ་གྲུབ་ཀྱིས་མ་དངུལ་མི་འདང་བ་དང་ཉམས་མྱོང་མེད་པ་སོགས་ཀྱི་དཀའ་ངལ་དུ་མར་མ་བལྟོས་པར་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་བྱེ་རྡོ་ར་བ་ཞིག་གཉེར་བ་རེད། ཡིན་ནའང་གཉེར་སྐྱོང་བྱས་ནས་ཕན་འབྲས་ཐོན་པའི་སྐབས་སུ། ཁོང་གིས་ཚང་མའི་བསམ་ཡུལ་ལས་འདས་པ་ཞིག་ལ་བྱེ་རྡོ་ར་བ་དེ་མུ་མཐུད་མ་གཉེར་བར་སྒོ་བརྒྱབ་པ་རེད།

“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རིན་དོད་དུ་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་བཏང་ན་ག་ལ་འགྲིག”ཅེས་ལྷག་པ་བསམ་གྲུབ་ཀྱིས་བཤད་པ་དང་། ཁོང་གིས“ཁོ་བོ་ཕ་ཡུལ་ལ་ལས་གཏོད་བྱེད་པར་འོང་བའི་ཐོག་མའི་བསམ་འདུན་ནི་ཕ་ཡུལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་ཆེད་དུ་ཡིན”ཞེས་བཤད།

ནང་མིས་རྒྱབ་སྐྱོར་དང་སྐུལ་ལྕག་འོག་ལྷག་པ་བསམ་གྲུབ་ཀྱི་སེམས་ཤུགས་སྔར་བས་ཆེ་རུ་སོང་ཞིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་བྱེ་རྡོ་ར་བ་གཉེར་མྱོང་བའི་ཉམས་མྱོང་དང་སྔོན་མ་མཉམ་དུ་ལས་ཀ་བྱེད་མྱོང་བའི་ལས་གཏོད་ཚོགས་པ་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱས་པར་བརྟེན་ནས“གྲོ་མོའི་བསམ་གྲུབ་ཨར་ལས་རུ་ཁག”བཙུགས་པ་རེད།

2017ལོར་གྲོ་མོ་རྫོང་ཏང་ཨུད་དང་། སྲིད་གཞུང་གིས་ལྷག་པ་བསམ་གྲུབ་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཨར་ལས་རུ་ཁག་གི་དོན་དངོས་ལ་གཞིཌ་ནས་རྩལ་ནུས་གསོ་སྦྱོང་དང་སྲིད་ཇུས་དྲིལ་བསྒྲཌ་བྱས་པ་མ་ཟད། ཁོང་ལ་ལས་གཏོད་མ་དངུལ་སྒོར་ཁྲི་5རེ་ཞུ་བྱེད་རོགས་བྱས་ཤིང་། ཞིང་ལས་དངུལ་ཁང་གྲོ་མོ་རྫོང་ཉིང་ལག་དངུལ་ཁང་གིས་ཀྱང་ལྷག་པ་བསམ་གྲུབ་ལ་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བསམ་བློ་ཡོད་པ་དང་དེ་ལྟར་འཛུགས་སྐྲུན་ཡང་བྱེད་བཞིན་པ་ཤེས་ནས་དངུལ་བུན་གཡར་རོགས་བྱས་པ་རེད།

དེ་ནས་བཟུང་ལྷག་པ་བསམ་གྲུབ་ཨར་ལས་རུ་ཁག་ལ་ཨར་སྐྲུན་འཕྲུལ་འཁོར་ཆེ་གྲས་སྣ་ཚོགས་བྱུང་བ་རེད། ཡིན་ནའང་ཐོག་མའི་དུས་སུ་འཕྲུལ་འཁོར་ཆེ་གྲས་གཏོང་ཤེས་མཁན་མེད། སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ལྷག་པ་བསམ་གྲུབ་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཡུལ་མི་ཚོར་འཕྲུལ་འཁོར་ཆེན་པོ་གཏོང་སྟངས་བསླབས་ཤིང་། དཀའ་བ་སྤྱད་ན་འབྲས་བུ་མི་ཐོབ་ཅི་ལ་སྲིད་ཅེས་པ་ལྟར་མཐར་ཡུལ་མི་མང་པོས་འཕྲུལ་འཁོར་གཏོང་ཤེས་ནས“ཁྱིམ་གྱི་སྒོ་རྩར”ལས་ཞུགས་ཐུབ་ཡོད།

“སྔོན་མ་ཕྱིར་བསྐྱོད་པར་སྟབས་བདེ་མེད་པས་ཡོང་འབབ་གསོག་ཐུབ་ཀྱི་མེད། འོན་ཀྱང་། ལྷག་པ་བསམ་གྲུབ་ཀྱི་སྣེ་ཁྲིད་འོག་རང་ཁྱིམ་གྱི་སྒོ་ཁར་ལས་ཀ་བྱ་རྒྱུ་བྱུང་ནས་ཟླ་བ་རེར་གླ་ཆ་སྒོར་6000ཡོད”ཅེས་པད་མ་དབང་འདུས་ཀྱིས་དགའ་ཚོར་ངང་བཤད།

ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པའི་རྐྱེན་གྱིས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་གྲོ་མོ་རྫོང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལྕི་རུ་དང་གནོན་ཤུགས་ཆེ་རུ་སོང་བའི་སྐབས་སུ། ལྷག་པ་བསམ་གྲུབ་ཀྱིས་འཕྲལ་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཞིང་། རིམ་རྩིས་བྱས་ན། ཁོང་གིས་དངུལ་དང་དངོས་པོ་སྒོར་ཁྲི་3ལྷག་རི་བ་ཞལ་འདེབས་བརྒྱབ་པ་མ་ཟད། མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་རིམས་འགོག་མི་སྣར་དགོས་མཁོ་ཆེ་བའི་དངོས་ཟོག་ཀྱང་སྤྲད་ཡོད།

“དངུལ་ཡོད་པས་དངུལ་འདོན་པ་དང་། ནུས་ཤུགས་ཡོད་མཁན་གྱིས་ནུས་ཤུགས་འདོན་དགོས”“མཐའ་མཚམས་ཞིབ་བཤེར་ས་ཚིགས་ནི་གྲོ་མོ་རྫོང་དུ་བསྐྱོད་སའི་འགག་སྒོ་གལ་ཆེན་ཞིག་ཡིན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཛ་དྲག་ལ་ལས་འགན་ལྕི་བར་བརྟེན་དུས་རབས་གསར་པའི་སློབ་ཆེན་གྱི་སློབ་མ་དང་སྲིད་ཇུས་ཀྱི་རོགས་རམ་ཐོབ་མཁན་ལས་གཏོད་པ་ཞིག་ཡིན་པའི་ཁོང་གིས་མེས་རྒྱལ་དང་། སྤྱི་ཚོགས། ཕ་ཡུལ་བཅས་ལ་བཀའ་དྲིན་འཇལ་དགོས་ངེས་རེད”ཅེས་ལྷག་པ་བསམ་གྲུབ་ཀྱིས་བཤད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)