《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月15日

ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་2021ལོའི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། གོ་སྐབས་དམ་འཛིན་བྱེད་པ། གཙོ་གནད་མངོན་གསལ་ཡོང་བ་བཅས་བྱས་ཏེ་སྟོབས་དང་ལྡན་པའི་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་ཐོན་ལས་ཆེན་པོ་བདུན་འཕར་རྒྱུར་གཞོགས་འདེགས་ཀྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་2021ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་ཚད་དང་ལས་འགན་བརྡ་ཁྱབ་བཏང་གནང་བ་དང་ཆབས་ཅིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་གྲོང་ཁྱེར་དང་ས་གནས་ཁག་དང་དམིགས་ཚད་འགན་འཁྲིའི་ཡི་གེར་མཚན་རྟགས་བཀོད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་2020ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་དཔྱད་ཞིབ་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རྒྱལ་མཚན། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། འཇམ་དཔལ། ཀྲང་ཧུང་པོ། རེན་ཝུའེ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཆེ་དགྲ་ལྷས། ན་ནིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ་ཚོང་འགུགས་མ་འདྲེན་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་སྟེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེབ་དང་ཤུགས་རྐྱེན་ཐབས་བརྒྱ་ཇུས་སྟོང་ངང་ཁྱད་བསད་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་དམིགས་པ། རྒྱ་སྐྱེད་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། དྲ་ཐོག་ནས་ཚོང་འགུགས་དང་། སྤྲིན་ཚོམ་ནས་ཚོང་འགུགས། བོད་སྐྱོར་བྱེད་ཐབས་ནས་ཚོང་འགུགས་བཅས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ། ས་གྲོལ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་རྗེས་སྙེགས་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཚོང་འགུགས་རྣམ་གྲངས་འབྲེལ་མཐུད་དང་གན་རྒྱ་བཞག་པ་དང་། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་595དངོས་སུ་དོན་འཁྱོལ་ཐུབ་པ། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་502ལེགས་གྲུབ་བཏང་བ། མི་ཁྲི་3ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་དང་འབབ་འཕར་སྒོར་དུང་ཕྱུར་8.8བྱུང་བ། ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བཅས་བྱས་ཡོད། གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་གཙོ་བོས་སྐུ་ངོ་མས་དམ་འཛིན་མཐའ་འཁྱོངས་བྱེད་པ། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དངོས་སུ་དམ་འཛིན་ཞིབ་ཚགས་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་དམ་འཛིན་བཅས་བྱས་ཏེ་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པ་དང་། ཁོར་ཡུག་བཟང་སྒྲིག་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་འགའ་ཞིག་དོན་འཁྱོལ་ཡག་པོ་བྱས་ཏེ་སྲིད་ཚོང་བར་གྱི་ཉེ་གཙང་འབྲེལ་བ་གསར་པ་གཏོད་དགོས་པ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པ”ཡག་པོ་སྤྱད་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འཕེལ་བར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)