《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月13日

རྒྱལ་ཡོངས་བཟོ་འཕྲིན་ཅན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ།

ཆེ་དགྲ་ལྷ་དང་ཝང་ཀྲི་ཅུན་གྱིས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཁ་གཏད་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཆེད། ཚེས་10ཉིན་རྒྱལ་ཡོངས་ཀྱི་བཟོ་འཕྲིན་ཅན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་བཟོ་འཕྲིན་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་ཝང་ཀྲི་ཅུན་གྱིས་གསུང་བཤད་གནང་བ་རེད།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་བཟོ་འཕྲིན་པུའུ་དང་རྒྱལ་ཡོངས་བཟོ་འཕྲིན་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བཟོ་ལས་དང་། འཕྲིན་གཏོང་ལས་རིགས། ཆ་འཕྲིན་ཅན་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་བཟོ་འཕྲིན་པུའུ་དང་རྒྱལ་ཡོངས་བཟོ་འཕྲིན་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་བཟོ་འཕྲིན་བྱ་གཞག་གི་སྐྱོན་བྲལ་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ལག་ལེན་ལས་ར་སྤྲོད་བྱས་དོན། བོད་སྐྱོར་ལས་དོན་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་མངོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བཟོ་འཕྲིན་པུའུ་དང་རྒྱལ་ཡོངས་བཟོ་འཕྲིན་ཁོངས་གཏོགས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་བཟོ་འཕྲིན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ནུས་རྒྱུ་གཙང་མ་དང་། རང་བྱུང་འཐུང་ཆུ། ཨར་པོའི་རྒྱུ་ཆ། ཀོ་ཆས་ལས་སྣོན་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཀྲི་ཅུན་གྱིས་རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཐོབ་པའི་གྲུབ་འབྲས་དང་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་གནང་བ་དང་གོམ་སྟབས་རྗེས་མའི་བོད་སྐྱོར་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཁོང་གིས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཡོངས་བཟོ་ལས་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱིས་བསམ་བློ་དང་བྱ་སྤྱོད་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། བོད་དང་ཞིང་ཆེན་བཞིའི་བོད་འབྲེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་དོན་གལ་ཆེན་ལ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན། རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་ཁོངས་གཏོགས་ཧྲིལ་པོའི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)