《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

འབྲས་སྐྲན་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་འཕྲོད་སྦྱོར་སྐོར།

གཅིག སྐྲན་ནད་སྔོན་འགོག་བྱེད་སྐབས་བཟའ་བཏུང་གི་གོམས་གཤིས་བཟང་པོ་དགོས་ཚུལ་གྱི་རིགས་གཅིག་མཁས་ཅན་གྱི་གྲོས་འགོ

1.ཟས་རིགས་སྣ་ཁ་འཛོམ་པོ་དགོས་པ་དང་འབྲུ་རིགས་གཙོ་བོར་བྱེད་དགོས་པ། ཟས་རིགས་སྣ་ཁ་མང་པོའི་ཁྲོད་འབྲུ་རིགས་དང་ཞོག་ཁོག ཤ་དང་འོ་མ། སྲན་མ་དང་དེའི་ཐོན་རྫས། སྔོ་ཚལ་དང་ཤིང་འབྲས། ཚ་ཚད་རྐྱང་པའི་ཟས་རིགས་བཅས་རིགས་ཆེ་གྲས་5ཚུད་ཡོད།

2.སྔོ་ཚལ་དང་། ཤིང་འབྲས། ཞོག་ཁོག་བཅས་ཀྱི་རིགས་མང་ཙམ་ཟ་དགོས། སྙིང་ཁམས་ཁྲག་རྩའི་བདེ་ཐང་སྲུང་སྐྱོང་དང་། ནད་འགོག་ནུས་པ་ཆེ་རུ་གཏོང་བ། སྐྲན་ནད་སྔོན་འགོག མིག་ནད་སྔོན་འགོག་བཅས་བྱ་ཐུབ།

3.ཉིན་ལྟར་འོ་མ་དང་སྲན་དེའི་ཐོན་རྫས་མང་ཙམ་ཟ་དགོས། རང་རྒྱལ་གྱི་བཟའ་བཅའི་ཁྲོད་སྤྱིར་ན་ཀལ་རྒྱུ་ཉུང་བས། སྤྱིར་བཏང་བྱས་ན་འོས་སྦྱོར་བྱས་པའི་མཁོ་སྤྲོད་ཀྱི་ཕྱེད་ཀ་ཙམ་ལས་ཟིན་གྱི་མེད། འོན་ཀྱང་འོ་མའི་རིགས་ཀྱི་བཟའ་བཅར་ཀལ་རྒྱུ་འདུས་ཚད་མཐོ་བ་མ་ཟད། སྲན་མའི་རིགས་ཀྱི་བཟའ་བཅའ་དང་འདྲ་བར་སྤྲི་དཀར་སྤུས་ལེགས་ལྡན་ཡོད།

4.རྟག་ཏུ་ཉ་དང་། སྒོ་ང་། ཤ་བཅས་འོས་འཚམ་ཟ་བ་དང་། ཚི་ལུ་དང་ཞག་ཚི་ཉུང་ཙམ་ཟ་དགོས། སྲོག་ཆགས་ལས་བྱུང་བའི་སྤྲི་དཀར་གྱི་ཨན་ཅི་སོན་གྱི་གྲུབ་ཆ་ཅུང་ཆ་ཚང་བ་དང་ལའེ་ཨན་སོན་འདུས་ཚད་མཐོ་པོ་ཡོད། ཉའི་རིགས་ཀྱི་ཚད་རན་པའི་ཚིལ་སྐྱུར་གྱིས་ཁྲག་ཚིལ་ཉུང་དུ་གཏོང་བ་དང་ཁྲག་རྡོག་འགོག་པའི་ནུས་པ་ལྡན་ཡོད།

5.བཟའ་བཅའ་དང་ལུས་པོའི་སྒུལ་སྐྱོད་ཚད་རན་པོ་དང་གཟུགས་པོའི་ལྗིད་ཚད་རྒྱུན་དུ་འཚམ་པོ་ཡོང་བ་བྱེད་དགོས། ཞོགས་པ་དང་། ཉིན་དགུང་། དགོང་དྲོ་བཅས་སུ་ཚ་ཚད་ཆེ་བའི་ཟས་རིགས་30%དང་། 40% 30%བཅས་མཆོད་ན་འཚམ་པོ་ཡོད། རྒྱགས་པ་ཆགས་ན་རྒྱུན་མཐོང་གི་རྒྱུ་མའི་སྐྲན་དང་། འོ་མའི་སྐྲན། ཕོ་རྨེན་གྱི་སྐྲན་བཅས་ཕོག་སླ་པོ་ཡོད།

6.ཞག་ཚི་ཉུང་ཙམ་ཟ་དགོས། རང་རྒྱལ་གྱི་གྲོང་མིས་ཉིན་རེར་ཚྭ་ཁེ་15ཙམ་ཟ་ཡི་ཡོད་པ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གྲོས་འགོ་བཏོན་པའི་གྲངས་ཚད་ཀྱི་ལྡབ་གཉིས་ཡན་ཡིན་པས། ཚྭ་ཉུང་ཙམ་ཟ་དགོས།

7.ཆང་རག་ལ་ཚོད་བྱེད་དགོས།

8.ཟས་རིགས་གཙང་མ་དང་མ་རུལ་བ་ཟ་དགོས། འཕྲོད་བསྟེན་གྱི་ཚད་གཞི་དང་འཚམ་པའི་ཟས་རིགས་འདེམས་དགོས་པ་དང་ལྷག་པར་དུ་གནོད་མེད་ཟས་རིགས་མང་ཙམ་ཟ་དགོས།

གཉིས། རིམ་པ་གཉིས་པའི་སྔོན་འགོག

Ⅱརིམ་པའི་སྔོན་འགོག་ཅེས་པ་ནི་རིམ་པ་གཉིས་པའི་སྔོན་འགོག་གམ་ཡང་ན་ནད་ཐོག་སྨན་བཅོས་གོང་གི་སྔོན་འགོག་རེད། དེའི་དམིགས་ཡུལ་ནི་ཐོག་མའི་ནད་གཞི་ཆེ་རུ་མ་ཕྱིན་རྒྱུ་སྔོན་འགོག་བྱེད་པ་དེ་རེད། དེའི་ལས་འགན་ལ་སྐྲན་ནད་ཀྱི་ནད་རྟགས་མ་ཐོན་གོང་གི་མི་མངོན་པའི་ནད་རིགས་དེ་དག་བཅོས་ཐབས་བྱས་ཏེ། ནད་གཞི་སྔོན་འགོག་གམ་ཡང་ན་ཇེ་ཆུང་དུ་བཏང་སྟེ་གང་མགྱོགས་དྲག་སྐྱེད་ཡོང་ཐབས་བྱེད་པར་ཟེར།

ཉེན་ཆེའི་མི་ཚོགས་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་དགོས།

གལ་ཏེ་ལོ་60ཡན་ཡིན་པ་དང་། ཐ་མག་འཐེན་མྱོང་བ། འཚོ་བའི་གོམས་གཤིས་ཡག་པོ་མེད་པ། ལས་ཀའི་གནོན་ཤུགས་ཆེ་བ་སོགས་ཀྱི་མི་ཚོགས་ལ་བརྟག་དཔྱད་བྱེད་དགོས། ཟླ་མཚན་ཆད་པའི་བུད་མེད་ཀྱི་མཚན་མའི་ནང་རྒྱུན་གཏན་མིན་པར་ཁྲག་ཐོན་པ་སོགས་ཀྱི་ནད་བརྟག་ལ་ཞིབ་བཤེར་བྱེད་དགོས། མིག་སྔར་སྐྲན་ནད་ཕོག་མཁན་ལོ་ཆུང་དུ་འགྲོ་བའི་སྣང་ཚུལ་ཐོན་ཡོད།

སྐྲན་ནད་མ་ཕོག་གོང་ནད་རྟགས་འགྱུར་སྐབས་སྨན་བཅོས་ཧུར་ཐག་བྱེད་དགོས།

གལ་ཏེ་མིད་པའི་པགས་པ་མཐུག་ཏུ་ཕྱིན་པ་དང་། ཕོ་བའི་སྦྱར་སྐྱི་རྒྱུན་གཏན་མིན་པར་སྐྱེས་པ། མཆིན་པའི་ནད་དང་། མཆིན་པ་མཁྲེགས་འགྱུར་སོགས་ལ་སྨན་བཅོས་ཧུར་ཐག་བྱེད་དགོས།

སྐྲན་ནད་ཕོག་སླ་བའི་མི་ཚོགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།

གལ་ཏེ་སྐྲན་ནད་ཕོག་སླ་བའི་རིགས་དང་རྒྱུད་ལ་སྐྲན་ནད་ཡོད་ཚེ་ངེས་པར་དུ་དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས།

སྐྲན་ནད་ལ་རང་ཉིད་ཀྱིས་དོ་སྣང་བྱེད་དགོས།

ལུས་པོའི་རེག་ཐུབ་པ་དང་མཐོང་ཐུབ་པའི་ཆ་ཤས་ལ་དུས་བཀག་ལྟར་རང་བཤེར་བྱེད་དགོས། དཔེར་ན། བུད་མེད་ཀྱི་འོ་མར་རང་ཉིད་ཀྱིས་ཞིབ་བཤེར་བྱེད་པ་ལྟ་བུའོ།

གསུམ། རིམ་པ་གསུམ་པའི་སྔོན་འགོག

Ⅲརིམ་པའི་སྔོན་འགོག་ཅེས་པ་ནི། རིམ་པ་གསུམ་པའི་སྔོན་འགོག་དང་། ནད་ཐོག་སྨན་བཅོས་ཀྱི་སྔོན་འགོག་གམ་ཡང་ན་དྲག་སྐྱེད་རང་བཞིན་གྱི་སྔོན་འགོག་ལ་ཟེར། དེའི་དམིགས་ཡུལ་ནི་ནད་གཞི་ཇེ་སྡུག་ཏུ་མ་འགྲོ་སྔོན་འགོག་དང་། དབང་སྐྱོན་མ་ཆགས་སྔོན་འགོག་བྱེད་པ་དེ་རེད། དེའི་ལས་འགན་ནི་རིག་ཚན་མང་བའི་ཕྱོགས་བསྡུས་ནད་བརྟག(MDD)དང་སྨན་བཅོས(MDT)སྤྱད་དེ་ལུགས་དང་མཐུན་པའི་སྨན་བཅོས་ཇུས་གཞི་ཡག་ཤོས་དེ་བདམས་ནས་སྐྲན་ནད་སྔ་ཙམ་བཅོས་ཏེ་ལུས་པོའི་བྱེད་ནུས་སླར་གསོ་དང་དྲག་སྐྱེད་ཡོང་བར་བྱས་ཏེ་ནད་པ་ཚེ་རིང་དུ་གཏོང་བ་དང་། འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། སྔ་ཙམ་སྤྱི་ཚོགས་ཐོག་ལོག་ཐུབ་པ་བཅས་བྱེད་པ་དེ་རེད།