《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

ལྷ་ས་གྲོང་ཁྱེར་གྱི་ཚད་ལྡན་གྱི་རླངས་འཁོར་འཇོག་ས་13ལ་ཞིང་འབྲོག་པའི་རླངས་འཁོར་རིན་མེད་པར་འཇོག་ཆོག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ནང་ཡོང་སྐབས་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུའི་རྩ་དོན་ལ་གཞིགས་ནས། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁུལ་དུ་ཚད་ལྡན་རླངས་འཁོར་འཇོག་ས་ཆེན་པོ་13བདམས་ནས་གྲོང་ཁུལ་དུ་ཡོད་པའི་ཞིང་འབྲོག་པའི་ཚོང་གཉེར་མིན་པའི་འཇིབ་ཆུང་དུས་ཚོད་ངེས་ཅན་ནང་རིན་པ་མི་བསྡུ་བའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་། སྲིད་ཇུས་དེ་2021ལོའི་ཟླ་4ཚེས་1ནས་2022ལོའི་ཟླ་3ཚེས་31ཉིན་བར་ལག་བསྟར་ལོ་གཅིག་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དམིགས་འཛུགས་བྱས་པའི་རླངས་འཁོར་འཇོག་ས་13དེ་དག་ནི། ཆུ་མིག་ལམ་སྤྱི་གླིང་གི་ཕྱོགས་བསྡུས་རླངས་འཁོར་འཇོག་ས་དང་། དབན་ཏ་ཐང་ཆེན་གྱི་ས་འོག་རླངས་འཁོར་འཇོག་ས། དབྱང་ཁྲེང་ཐང་ཆེན་གྱི་ས་འོག་རླངས་འཁོར་འཇོག་ས། ཝ་པ་གླིང་སྤྱི་གླིང་གི་ས་འོག་རླངས་འཁོར་འཇོག་ས། ཚོད་ལྟའི་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ས། དེ་སྔའི་རིག་གནས་ཅུས་ཀྱི་ས་འོག་རླངས་འཁོར་འཇོག་ས། སློབ་འབྲིང་བརྒྱད་པའི་ས་འོག་རླངས་འཁོར་འཇོག་ས། ནོར་བུ་གླིང་ཁའི་རླངས་འཁོར་འཇོག་ས། དེ་བཞིན་ཟླ་བདུན་པར་སྤྱོད་འགོ་འཛུགས་རྒྱུ་ཡིན་པའི་ལྷ་ཀླུ་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ས། སློབ་འབྲིང་གསུམ་པའི་ས་འོག་རླངས་འཁོར་འཇོག་ས། སློབ་འབྲིང་དང་པོའི་ས་འོག་རླངས་འཁོར་འཇོག་ས། ཞོལ་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ས། ལྗོངས་གཞོན་ནུ་ལོ་ཆུང་ཕོ་བྲང་གི་ས་འོག་རླངས་འཁོར་འཇོག་ས་བཅས་ཡིན་པ་རེད། མིག་སྔར། གོང་གསལ་གྱི་རླངས་འཁོར་འཇོག་སའི་འཛུལ་སྒོ་དང་དོན་སྒོ་སོགས་ཀྱི་མཐོང་སྣང་ཆེ་ས་ཚང་མར་གཅིག་གྱུར་ཐོག་ཞིང་པས་དུས་ཚོད་ངེས་ཅན་ནང་རླངས་འཁོར་འཇོག་པར་རིན་པ་མི་བསྡུ་བའི་མཚོན་རྟགས་བྱང་བུ་སྦྱར་ཡོད།

རླངས་འཁོར་འཇོག་རིང་རིན་པ་མི་བསྡུ་བའི་དུས་ཚོད་ནི། 2021ལོའི་ཟླ་4ཚེས་1ཉིན་ནས་བཟུང་ཉིན་ལྟར་ཞོགས་པའི་ཆུ་ཚོད་10ནས་ཉིན་དགུང་གི་ཆུ་ཚོད་12བར་དང་། ཕྱི་དྲོའི་ཆུ་ཚོད་15∶30ནས་དགོང་དྲོའི་ཆུ་ཚོད་17∶30ཡིན་ཞིང་། ཉིན་གཅིག་ལ་ཆུ་ཚོད་བཞི་འཇོག་ཆོག་པ་དང་དུས་ཚོད་ངེས་ཅན་ནང་རླངས་འཁོར་འཇོག་རིང་རིན་མི་བསྡུ་རྒྱུ་དང་། དུས་ཚོད་བརྒལ་ཚེ་རླངས་འཁོར་འཇོག་སའི་རིན་བསྡུའི་ཚད་གཞི་ལྟར་རིན་པ་བསྡུ་རྒྱུ་དང་། ཞུ་གཏུག་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར་ཨང་གྲངས“12315”རེད།