《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

འགན་ལེན་གནད་སྨིན་ངང་སོ་ནམ་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱེད་པ།

ཉིང་ཁྲི་གྲོང་ཁྱེར་གྱིས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཧུར་ཐག་སྒྲུབ་པ།

ལོ་གཅིག་གི་འཆར་གཞི་གྲུབ་མིན་དཔྱིད་ཀར་ཐུག་ཡོད། ལོ་གཅིག་ལ་ལོ་ལེགས་ཡོང་མིན་དཔྱིད་རྨོད་ལ་ཐུག མིག་སྔར་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་བཟང་འཆར་བས་ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གི་ཞིང་ནང་དང་མུ་ཁར་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པ་མངོན་ཡོད། ཞིང་འབྲོག་མང་ཚོགས་ཚོས་ཞིང་འདེབས་དང་། རྨོ་འདེབས། ཡང་ན་མྱུག་གསོ་སོགས་ཀྱི་ལས་ལ་གཞོལ་བཞིན“དཔྱིད་རྨོད་དཔྱིད་འདེབས་ཀྱི་ཐོན་སྐྱེད་རྣམ་པ”ཞིག་གྲོང་གསེབ་ཀྱི་ཞིང་ནང་དུ་མངོན་ནས་འདི་ལོའི་འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་ཡོང་རྒྱུའི་འགན་ལེན་བྱེད་བཞིན་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ལ་སྟེང་ཁ་གྲོང་ཚོར་སྐྱོད་སྐབས་གསར་འགོད་པར་ཞིང་ནང་དུ་སྐྱོད་གྲབས་ཡོད་པའི་ཞིང་པ་ཡོན་ཏན་དང་འཕྲད། ཁོང་གིས“ང་ལ་ཞིང་ཁ་མུའུ་30ཡོད་ཅིང་། མུའུ་15དགུན་འདེབས་དང་མུའུ་15དཔྱིད་འདེབས་བྱས་པ་ཡིན། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་བཟང་པོ་ཡོད་པས་ང་ཚོར་སོན་དང་རྫས་ལུད་སྤྲོད་ཀྱི་འདུག འདི་ལོ་ང་ཚོའི་ཁྱིམ་གྱི་ཡོང་འབབ་ད་དུང་འཕར་རྒྱུ་རེད། སྔོན་ཆད་ཞིང་ཁ་མུའུ་གཅིག་ནས་ནས་ཀྱི་ཐོན་འབབ་རྒྱ་མ་ལྔ་བརྒྱ་དྲུག་བརྒྱ་ཡོད་པ་དང་ད་ཆ་མུའུ་གཅིག་ནས་སྔོན་དཔག་བྱས་ན་རྒྱ་མ་དྲུག་བརྒྱ་བདུན་བརྒྱ་ཡོང་གི་ཡོད་པས། འདྲུད་འཐེན་འཕྲུལ་འཁོར་ཉོས་ནས་རྨོ་འདེབས་བྱས་ན་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།

ལ་སྟེང་ཁ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་ཚེ་རིང་གིས་གསར་འགོད་པར“ལ་སྟེང་ཁ་གྲོང་ཚོའི་གནམ་གཤིས་དང་ས་རྒྱུ་ཡག་པོ་ཡོད་པས་ནས་དང་པད་ཁ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། ཉེ་བའི་ལོ་ཤས་རིང་གྲོང་ཚོར་འདེབས་འཛུགས་ལས་རིགས་ཁྱབ་གདལ་ཤུགས་ཆེན་བཏང་བས་གྲོང་ཚོ་ཡོངས་ལ་ཁྱོན་རྨོ་ཞིང་མུའུ་500ལྷག་ཙམ་དང་དཔྱིད་འདེབས་རྒྱ་ཁྱོན་མུའུ་200ལྷག་ཙམ་ཡོད་པ་དེ་དག་ཚང་མར་ནས་དང་པད་ཁ་འདེབས་རྩིས་ཡོད”ཅེས་བཤད།

དཔྱིད་རྨོད་དཔྱིད་འདེབས་དང་ཞིང་འཕྲུལ་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་འགག་རྩ་ཞིག་ཡིན་ཞིང་། དཔྱིད་ཀ་ཤར་མ་ཐག་ཉིང་ཁྲི་གྲོང་ཁྱེར་ཞིང་འཕྲུལ་ཞིང་ལས་རྒྱུ་ཆ་བྲིན་ཚོང་ས་ཚིགས་ཀྱིས་སྔོན་ཚུད་ནས་འདེབས་འཛུགས་སྒྲིག་ཆས་དང་། ས་བོན། རྫས་ལུད། ཞིང་སྨན་སོགས་ཞིང་འཕྲུལ་ཞིང་ལས་རྒྱུ་ཆའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ་དཔྱིད་རྨོད་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད། གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འཕྲུལ་ཞིང་ལས་རྒྱུ་ཆའི་བྲིན་ཚོང་ས་ཚིགས་ཤིག་ཏུ་སྐྱོད་སྐབས་དཔྱིད་རྨོད་ཀྱི་སྒྲིག་ཆས་དང་། ས་བོན། རྫས་ལུད་སོགས་གྲལ་འགྲིག་པོར་ཡོད་པ་དང་། བྲིན་ཚོང་ས་ཚིགས་སུ་ཆེད་མངགས་བཟོས་པའི་ཞིང་སྨན་གསོག་འཇོག་ཁང་དུ་རྩྭ་ངན་འགོག་བྱེད་དང་། གནོད་འབུ་གསོད་བྱེད། སྐྱེ་འཚར་སྙོམས་སྒྲིག་སྨན་རྫས་སོགས་ཞིང་སྨན་སྣ་ཚོགས་མཐོང་རྒྱུ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་རྫས་ལུད་ཏུན་1838དབོར་བ་དང་། ཞིང་སྨན་ཏུན་7.5གསོག་འཇོག་བྱས་ནས་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་བ་དང་། སྐྱེ་ལྡན་རྫས་ལུད་ཏུན་3690ཉོ་རྩིས་ཡོད་ལ་མིག་སྔར་ཉོ་སྒྲུབ་བྱེད་བཞིན་ཡོད་པ། དཔྱིད་འདེབས་འབྲུ་རིགས་ལོ་ཏོག་ལ་སོན་རྒྱ་མ་ཁྲི་185མཁོ་བའི་ཁྲོད་ཁག་གཅིག་དབོར་ཟིན་པ། ཞིང་འཕྲུལ་ཁྲི་2.4བཟོ་བཅོས་བརྒྱབ་སྟེ་འཕྲུལ་རྨོ་འཕྲུལ་འདེབས་ཐད་སྤྱད་ནས་འདེབས་འཛུགས་ཀྱི་སྤུས་ཚད་ལེགས་གཏོང་གིས་ཞིང་དུས་འཐུས་ཤོར་མི་ཡོང་བ་བྱེད་ཀྱི་ཡོད།

ཉིང་ཁྲི་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་གྲངས་གཞིའི་བསྡོམས་རྩིས་ལ་གཞིགས་ན། འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་དཔག་བྱས་ན་དཔྱིད་རྨོད་དཔྱིད་འདེབས་མུའུ་ཁྲི་19.08བྱ་རྒྱུའི་ཁྲོད་འབྲུ་རིགས་ལོ་ཏོག་མུའུ་ཁྲི་12.1དང་། སྣུམ་རྒྱུའི་ལོ་ཏོག་མུའུ་ཁྲི་2.35 སྔོ་ཚལ་རིགས་མུའུ་ཁྲི་3.07 གཟན་རྩྭ་མུའུ་ཁྲི་1.56བཅས་ཚུད་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)