《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་ཏེ་གསར་བརྗེ་རྒྱུན་འཛིན་བྱེད་རིང་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས།

—— ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བར་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། གུང་ཁྲན་ཏང་མིའི་ངོས་ནས་བརྗོད་ན། ཏང་གཤིས་ནི་ཀུན་སྤྱོད་ཆེ་ཤོས་ཡིན་པ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཚེ་གང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བ་ནི་ཏང་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་སྟོབས་ཆེའི་བར། དཀའ་སྡུག་ནས་འོད་སྟོང་འཕྲོ་བའི་བར་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། ཏང་གི་རིགས་པའི་གཞུང་ལུགས་ཟམ་མི་ཆད་པར་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁྲག་རྒྱུན། ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་བཅས་ཀྱི་ཁྲོད་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་ཕུགས་འདུན་བཅས་ཀྱི་ལག་ལེན་ཁྲོད་དུ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཆེ་རུ་གཏོང་དགོས། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། སེམས་ནང་ཏང་ཡོད་པ་བྱས་ནས་བཟང་སྤྱོད་རྟོགས་པ་དང་། སེམས་ནང་དམངས་ཡོད་པ་བྱས་ནས་ཀུན་སྤྱོད་སྲུང་བ། སེམས་ནང་བཀག་རྒྱ་ཡོད་པ་བྱས་ནས་རང་སྤྱོད་ནན་པ་བཅས་བྱེད་པ་དང་། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ལྷད་མེད་སེམས་པ་འཆང་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཀྲུང་གོ་གུང་ཁྲན་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། རླབས་ཆེན་མེས་རྒྱལ་ལ་བློ་དཀར་སེམས་དཀར་གྱིས་དགའ་ཞེན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་བཅས་བྱས་ཏེ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང་། “འགན་ལེན་བཞི”མངོན་འགྱུར་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་དུ་ཧུར་ཐག་ཞུགས་དགོས། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བར་གསར་བརྗེའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་འཐབ་ཀྱི་དཔའ་སྟོབས་རྒྱུན་འཁྱོངས་བྱེད་དགོས། གལ་ཆེའི་དུས་སྐབས་སུ་བསམ་པའི་གཤིས་རྒྱུད་དེ་བས་མཐོང་དགོས་ལ། འབད་འབུངས་མདུན་སྐྱོད་བྱེད་སྐབས་བསམ་པའི་རྒྱུན་འཛིན་ལ་དེ་བས་ལྟ་དགོས། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དུ་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་གྱིས་མི་ཕལ་པར་དབང་བ་བློས་གཏོང་དང་མི་ཕལ་པས་ལོངས་སུ་སྤྱོད་པ་རྣམས་དོར་ཏེ། གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་དཀའ་སྤྱད་འབད་འཐབ་བྱས་པ་དང་སྦྲགས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་སྐྱེད་སྲིང་ཡང་བྱས་ཏེ། འཛམ་གླིང་ཡང་རྩེའི་ཐོག་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་བསྐྲུན་ཡོད། འདི་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གསར་འབྱེད་གསར་གཏོད་དང་མུ་མཐུད་འབད་འཐབ་བྱེད་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ཕུགས་བསམ་མཐའ་དག་ལས་ལྷག་པ་དང་བླ་ན་མེད་པའི་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད་པ་བློ་ལ་བརྟན་པོར་བཅངས་ནས་བསམ་པའི་རྒྱུ་ནོར་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ། རང་རྟོགས་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། བསམ་པའི་ཀལ་རྒྱུ་གསབ་པ། རླབས་ཆེན་གྱི་སྙིང་སྟོབས་ཁྲག་རྒྱུན་དང་བླ་སྲོག་ནང་འདྲེས་པ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ། ལས་དོན་སྒྲུབ་སྐབས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འཇོན་ཐང་ཆེ་རུ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། མི་རིགས་ཆོས་ལུགས་་ལས་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཁྲོད་དུ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ནས། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ལོ་རྒྱུས་ཀྱི་སྙན་ངག་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།

ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བར་བློ་སྦྱོང་ནན་པོ་དང་རང་གཅུན་ནན་པོ་བྱས་ནས་གཞུང་དྲང་སྤྱོད་གཙང་གི་མཐའ་ཚད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་དུ་བཀུར་བར་མཐའ་ཚད་བརྟན་པོ་བསྲུངས་བར་ལྷོད་གཡེང་མི་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་པོ་དོན་གཉེར་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་འཇོག་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་དང་། གསར་བརྗེ་པ་རྒན་རབས་ཚོས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྱི་ཞབས་པའི་བརྩེ་སེམས་དང་། ཁེ་གྲགས་མི་གཉེར་བའི་བླ་ན་མེད་པའི་བསམ་པའི་གོ་རྟོགས། སྤྱོད་གཙང་བློ་སྦྱོང་གི་ཀུན་སྤྱོད་བཅས་ལ་སློབ་སྦྱོང་བྱས་ཏེ་གཞུང་དྲང་སྤྱོད་གཙང་གི་མཐའ་ཚད་བླང་བྱ་བརྟན་སྲུང་བྱེད་པ་དང་། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ཏེ་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དེ་ཐུགས་ཁུར་ཆེ་ཤོས་དང་། སྲུང་སྐྱོང་ཆེ་ཤོས། རོགས་རམ་ཆེ་ཤོས་བཅས་སུ་བརྩིས་ནས་ལྟ་སྐུལ་གཅུན་འདོམས་འོག་ལས་ཀ་དང་འཚོ་བ་སྐྱེལ་བའི་གོམས་གཤིས་འཇགས་པ་བྱེད་དགོས། ཏང་ཡོན་ལས་བྱེད་པ་ཚོས་རང་ཉིད་ཀྱི་སྤྱོད་ལམ་དང་བྱ་སྤྱོད་ལ་གཅུན་འདོམས་བྱས་ནས། འདོད་རྔམ་སྤོང་བ་དང་། སྒེར་དོར་སྤྱི་སྐྱོང་། སྒྲིག་ཁྲིམས་ཀྱི་དམར་ཐིག་ལས་བརྒལ་མི་རུང་བ་དང་ཀུན་སྤྱོད་ཀྱི་མཐའ་ཚད་ལས་མི་བརྒལ་བ་མཐའ་འཁྱོངས་བྱེད་པ། རང་གཟབ་ཆུང་ཟོན་དང་རང་གཅུན་ནན་པོ་བྱེད་པ། གྲོན་ཆུང་གི་ཀུན་སྤྱོད་འཇགས་པ་དང་སྤྱོད་གཙང་ཁྱིམ་ཚང་སྐྱོང་བ། རུལ་རྒོལ་འགྱུར་འགོག་གི་བསམ་བློ་དང་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བཙུགས་ནས། རང་ཉིད་ལ་ཉམས་སད་གང་ཞིག་འཕྲད་རུང་གུང་ཁྲན་ཏང་མིའི་བསམ་བློའི་བླ་སྲོག་བརྟན་པོ་བསྲུངས་ནས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས།

དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་དུས་མཚམས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འབུངས་ཡར་བརྩོན་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་ནས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་བསམ་བློའི་སྟོབས་ཤུགས་དང་། གདེང་ཚོད་ཀྱི་སྟོབས་ཤུགས། བསམ་པའི་སྟོབས་ཤུགས། འབད་འཐབ་ཀྱི་སྟོབས་ཤུགས་བཅས་བླངས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་རྒྱུན་མཐུད་བསྐྱངས་ཏེ་གསར་བརྗེའི་ས་བོན་དེ་ངལ་བ་ཁྱད་བསད་དང་གསར་འབྱེད་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

(རིག་འཛིན་རྡོ་རྗེས་བསྒྱུར། ཚེ་ཁོ་དང་རིག་རྡོར་གྱིས་ཞུས)