《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

ཁྲོམ་རའི་བྱེད་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་པ།

—— 2020ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་འདོམས་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཚོང་གཉེར་ཁོར་ཡུག་བཟང་པོ་ནི་ཁྲོམ་རའི་བྱེད་པོ་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་གཏོང་ཆས་ཤིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ས་རྒྱུ་གཤིན་པོ་ཞིག་ཀྱང་དེ་བས་ཡིན། 2020ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མཐའ་ཚད་ནན་སྲུང་དང་དོན་དངོས་དང་ཟུང་འབྲེལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་ཅིག་བཏོད་ཡོད།

ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ།

“2020ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་སུ་དངོས་ཚན་ཁྲོམ་རའི་བྱེད་པོ་དུད་ཚང་27330ཡོད་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་2730.83ཟིན་པ་དེ་དུས་མཚུངས་ལས་15.75%དང་315.40%སོ་སོར་འཕར་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་བྱུང་།

2020ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་དོན་ལམ་ལུགས་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་སྟབས་བདེ་ཅན་གྱི་ཆོག་འཐུས་སྒྱུར་བཅོས་དང་ལེགས་བསྡུས་ཅན་གྱི་ལས་སྒྲུབ་ཞབས་ཞུ་སོགས་ཀྱི་བྱ་ཐབས་ལ་སྐུལ་འདེད་བཏང་བ་བརྒྱུད་ཁྲོམ་རའི་བྱེད་པོའི་ཆོག་འཐུས་ཚད་གཞི་དམའ་རུ་བཏང་བས། ཁྲོམ་རའི་བྱེད་པོའི་བསྡོམས་འབོར་ལྡོག་འཕར་བྱུང་ཡོད། དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཆོག་འཐུས་དོན་ཚན་ལ་གསལ་ཐོའི་དོ་དམ་ལག་བསྟར་བྱས་ནས་ཁེ་ལས་ཀྱི་མིང་རང་བརྟེན་རེ་ཞུ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོར་གློག་རྡུལ་གྱིས་ཐོ་འགོད་བྱེད་པ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”དང“ལག་ཁྱེར་མང་སྒྲིལ”སོགས་ཀྱི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་ཐོ་འགོད་དོན་ཚན་90%ཡན་དྲ་ཐོག་ནས་བསྒྲུབས་ཐུབ་ཡོད།

“རྒྱུད་གཅིག་རྟེན་གཞི་བཞི”འཛུགས་སྐྲུན་ལ་དམིགས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱིས་ཚོང་རྟགས་སྤུས་རྟགས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་ཡོད། 2020ལོར་གྲོང་ཁྱེར་ཡོངས་སུ་ཐོ་འགོད་ཚོང་རྟགས་གོ་ཆོད་པ་2617ཡོད་པ་དེ་དུས་མཚུངས་ལས་30.32%འཕར་ཡོད།

ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་པ།

བཟའ་བཅའ་དང་སྨན་རྫས་དང་དེ་བཞིན་ཐོན་སྐྱེད་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས“ནན་ཤོས་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ནས་བཟའ་བཅའ་དང་། སྨན་རྫས། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་པ་དང་སྲིད་འཛིན་ཁྲིམས་འཛིན་གྱི་ཕན་ནུས་དང་རིག་ནུས་ཀྱི་ལྟ་འདོམས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2020ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་དང་། གྲོང་གསེབ་ཀྱི་རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའི་ཆེད་དོན་བཅོས་སྒྲིག ཞིང་ཟོག་ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི“ཉིན་བརྒྱའི་འགག་སྒྲོལ”སོགས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། “དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”གྱི་འདུ་འགོད་ལག་ལེན་བསྟར་ནས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཁེ་ལས་74ལ་བརྒྱུད་རིམ་ཧྲིལ་པོ་དང་། དུས་མཚམས་ཧྲིལ་པོ། ལྟ་ཆས་ཀྱི་ལྟ་འདོམས་བཅས་མངོན་འགྱུར་བྱུང་ནས་2020ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི་བཟའ་བཏུང་ཞབས་ཞུའི་ཚན་པའི་ཚད་འབེབས་རིམ་དབྱེའི་དོ་དམ་བྱེད་ཚད་96%ཟིན་པ་དང་། “ཐབ་ཚང་ཕྱི་གསལ་ནང་གསལ”བྱེད་ཚད་95%ཟིན་པ། ཤང་རིམ་པ་ཡན་གྱི་སློབ་གྲྭའི“ཐབ་ཚང་ཕྱི་གསལ་ནང་གསལ”བྱེད་ཚད་100%ཟིན་པ། བཟའ་བཅའི་བདེ་འཇགས་དཔེ་སྟོན་ཚོང་ཁང་17དང་བློ་བདེའི་ཤ་ཚལ་དཔེ་སྟོན་སྒོ་རྩིས་ཚོང་ཁང་1བཙུགས་པ། དམིགས་ཚད་ཁག་ཚང་མ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ། ལོ་ཧྲིལ་པོར་བཟའ་བཅའི་བདེ་འཇགས་ལས་འཛོལ་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ་བཅས་རེད།

དངུལ་རྩའི་ཉེན་ཁ་སོགས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས་དངུལ་རྩའི་བརྡ་ཁྱབ་དང་དེ་བཞིན་མ་འཇོག་རྒྱུ་ནོར་བདག་གཉེར་བརྡ་ཁྱབ་ཀྱི་གཙོ་གནད་ལྟ་ཞིབ་ཚད་ལེན་བྱས་ནས་བརྡ་ཁྱབ་གཉེར་སྐྱོང་ལ་ཞིབ་བཤེར་བྱས་པ་དང་། བརྡ་ཁྱབ་སྣ་ཚོགས་ཐེངས་615ལ་ལྟ་ཞིབ་ཚད་ལེན་བྱས་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དྲིལ་བསྒྲགས་ཀྱི“གཤམ་སྤེལ་ལྔའི”བྱེད་སྒོ་ཐེངས་116སྒྲིག་འཛུགས་བྱས་པ་བཅས་རེད། དེ་དང་ཆབས་ཅིག“12315”ཡི་ཞུ་གཏུག་ཐེར་འདོན་ལས་སྟེགས་བསྡུ་སྒྲིལ་དང་ལེགས་སུ་བཏང་ནས“12315”ཡི་ཐད་སྦྲེལ་ཁ་པར་བཙུགས་ནས་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་དང་གླེང་ཕྱོགས་ཀྱི་གནས་ཚུལ་དང་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། དྲ་ཐོག་དང་དྲ་ཕྱིའི་མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ལན་བརྒྱབ་པ། འཛད་སྤྱོད་པའི་བློ་འདྲི་དང་ཐེར་འདོན་གོང་ཞུ་357བདག་སྤྲོད་བྱས་པ། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་88.907མི་ཕོག་པ་བྱས་ཡོད།

ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རམ་འདེགས་བྱས་པ།

ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཁྲོམ་རའི་བྱེད་པོ་བརྟན་པོའི་ངང་འཕར་རྒྱུ་མངོན་འགྱུར་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་ཆེད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་རིམ་རྩིས་བྱས་ན། ཁྲིམས་འཛིན་མི་སྣ་ཐེངས་8609བཏང་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་37ལ་ཞིབ་བཤེར་བྱས་པ་དང་། རིན་གོང་དྲན་སྐུལ་ཡི་གེ་དང་། གསལ་བརྡའི་ཡི་གེ གྲོས་འདོན་ཡི་གེ་བཅས་ཤོག་ལྷེ་ཁྲི་2ལྷག་ཙམ་སྤྲད་དེ་གྲོང་ཁྱེར་ཡོངས་ཀྱི་ནང་འདྲེན་གྲངས་ཕྲེང་བཟའ་བཅར་མཐིལ་རྟོགས་ཐོ་འགོད་བྱས་པ་རེད། རིན་གོང་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་ལག་ལེན་བསྟར་ནས་ཉིན་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་དང་དམངས་འཚོ་འགན་ལེན་གྱི་དངོས་ཟོག་གལ་ཆེན་གྱི་རིན་གོང་ལ་བབ་བསྟུན་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཕག་ཤ་དང་། འབྲུ་སྣུམ། སྒོ་ང་། སྔོ་ཚལ་བཅས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ། ཟོག་གོང་ཧམ་སྤོར་དང་། ལྐོག་འབྲེལ་གྱིས་རིན་གོང་སྤོར་བ། རིན་གོང་ཁ་བསླུས་རྒྱག་པ་བཅས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་མཐུན་སྦྱོར་སྐུལ་འདེད་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁ་པར་ཐོག་ནས་བཅར་འདྲི་དང་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། ཁེ་ལས་ལ་ལག་ཁྱེར་གཉེར་བ་དང་ལག་ཁྱེར་བརྗེ་བ་སོགས་ཀྱི་བྱ་བ་25སྒྲུབ་རོགས་བྱས་པ་དང་། ཁེ་ལས་དང་མཐུན་སྦྱོར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་67མཁོ་འདོན་བྱས་པ། ཁེ་ལས་2581ལ་བཅར་འདྲི་བྱས་པ་རེད། 2020ལོའི་ལོ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་83.49%ཟིན་པ་དང་ཁང་བདག་74དང་མཐུན་སྦྱོར་འབྲེལ་གཏུག་བྱས་ནས་ཁྲོམ་རའི་བྱེད་པོ་342ཀྱི་ཁང་གླ་སྒོར་ཁྲི་265.88ཆག་ཡང་དང་རྩ་ཆག་བཏང་བ་དང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཚོང་དུད་28ཀྱི་ཁང་གླ་སྒོར་ཁྲི་27.6ཆག་ཡང་དང་རྩ་ཆག་བཏང་བ་རེད།

(ཚེ་ཁོས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)