《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

དྭངས་གསལ་དུས་ཚིགས་རིང་རང་ལྗོངས་ཀྱིས་བྱེད་ཐབས་སྣ་མང་གི་ཐོག་ནས་དྲན་གསོའི་བྱེད་སྒོ་སྤེལ་ཏེ།

གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་བ།

འདི་ནི་གཞིས་རྩེ་གྲོང་ཁྱེར་ཏང་སྲིད་དམག་ཉེན་དམངས་ཀྱི་ལས་རིགས་ཁག་གི་འཐུས་མིས་གཞིས་རྩེ་གྲོང་ཁྱེར་གྱི་སྔོན་གཤེཌ་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དྭངས་གསལ་དུས་ཚིཌ་ཀྱི་དུར་མཆོད་བྱེད་སྒོར་གོ་རིམ་ལྡན་པའི་ངང་ཞུགས་པ།

འདི་ནི་ལྷ་ས་གྲོང་ཁྱེར་གདོང་དཀར་རོགས་སྐྱོབ་གདོང་ལེན་རུ་ཁག་གི་རུ་མིས་ལྷ་ས་གྲོང་ཁྱེར་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་སོས་པ་འབུལ་བཞིན་པ།

འདི་ནི་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་གིས་ཆབ་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་མེ་ཏོག་སོས་པ་འབུལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། དྭངས་གསལ་དུས་ཚིགས་རིང་རང་ལྗོངས་ཀྱི་ས་གནས་ཁག་གིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང“དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་དུར་མཆོད་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ཏེ་དད་སེམས་བརྟན་དུ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་རེད།

གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་པོ་ཆེར་དྲན་གསོ་ཟབ་མོ་ཞུ་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཞིང་། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་པུའུ་ཨུ་ལྷན་གྱི་ཁོངས་མི་དང་། ཐིང་རིམ་པའི་ལས་བྱེད་པ། པུའུ་ལས་ཁུངས་བཅས་དང་དེ་བཞིན་ཁོངས་གཏོགས་ཁེ་ལས་དང་བྱ་གཞག་ཚན་པའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ལྷ་ས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་ཐེན་ཀོན་སན་གྱི་དྲན་གསོའི་སྐྱེད་ཚལ་དུ་བསྐྱོད་དེ་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དུར་མཆོད་ཀྱི་བྱེད་སྒོ་སྤེལ་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྷ་ས་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་དྲན་གསོ་ཁང་དུ་འཆད་འགྲེལ་མཁན་གྱི་འགྲེལ་བཤད་ཉན་བཞིན་ལྟ་སྐོར་བྱེད་མཁན་ཚང་མས་དྲན་གསོ་ཁང་གི་རྩ་ཆེའི་པར་རིས་དང་། དཔྱད་གཞིའི་ཡིག་རིགས། དམག་དཔོན་གྱི་ཤུལ་བཞག་དངོས་པོ་བཅས་ལ་ནན་ཏན་ངང་བལྟས་ནས་སྐབས་དེ་དུས་ཤི་རྒྱུར་མི་སྐྲག་པ་དང་། གཞན་གྱི་སྔོན་དུ་སྒྲུབ་ཕོད་པ། རི་གཏོར་ལམ་བཤངས། ལང་ལོང་གཙང་པོར་ཟམ་པ་བསྐྲུན་པ་བཅས་དཀའ་ངལ་ལ་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་ཉམས་འགྱུར་ལ་ཕྱིར་དྲན་བྱས་པ་རེད། ཚང་མས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་མིག་དཔེར་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། སྤྱིར་བཏང་གི་བྱ་བ་དང་གནས་ཚུལ་ཞིབ་ཕྲའི་ཐད་བླ་ན་མེད་པའི་ཀུན་སྤྱོད་བློ་སྦྱོང་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་སྐྱེད་སྲིང་བཅས་བྱས་ཏེ། རང་ལྗོངས་ཀྱི་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

ཚེས་3ཉིན་གྱི་སྔ་དྲོ། གཞིས་རྩེ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཁྲོད་དུར་མཆོད་ཀྱི་བྱེད་སྒོ་འགོ་ཚུགས་པ་རེད། དེར་ཡོད་མི་རྣམས་ཀྲོང་ངེར་ལངས་ནས་ངག་བསྡམས་ཏེ་མྱ་ངན་ཞུས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་རེད། འདི་ནི་གཞིས་རྩེ་གྲོང་ཁྱེར་གྱིས་གཉེར་བའི་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་དུར་མཆོད་ཀྱི་བྱེད་སྒོ་ཡིན་པ་དང་གྲོང་ཁྱེར་གྱི་ཏང་སྲིད་དམག་ཉེན་དམངས་བཅས་ལས་རིགས་ཁག་གི་འཐུས་མི་ཞུགས་ཡོད་པ་རེད།

ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་དེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཟུང་འབྲེལ་བྱས་ཏེ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང“དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་དུར་མཆོད་བྱེད་པ”སོགས་བྱེད་ཐབས་སྣ་མང་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། གཞོན་ནུ་ལོ་ཆུང་། མི་དམངས་མང་ཚོགས་བཅས་ཀྱིས་སྔོན་གཤེགས་དཔའ་བོའི་བཀའ་དྲིན་ཚོར་བ་དང་། ཁོང་ཚོར་དད་གུས་བྱེད་པ། ཁོང་ཚོར་དྲན་གསོ་ཞུ་བ་བཅས་ཀྱི་བརྩེ་སེམས་མཚོན་པར་ཁྲིད་སྟོན་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ཉིང་ཁྲི་གྲོང་ཁྱེར་སྲིད་གྲོས་གཞུང་དོན་ཁང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཚན་པ་མང་པོས་དུར་མཆོད་ཀྱི་བྱེད་སྒོ་སྤེལ་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་རེད། སྤོ་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དམག་སྡེ་བཅོ་བརྒྱད་པའི་མི་རབས་རྗེས་མ་ཚོས་ལོ་ན་མཐོ་ལ་གཟུགས་པོ་སྐྱོ་བ་དང་། ས་མཐོ་མི་འཕྲོད་པ། རི་མཐོ་ལམ་ཐག་རིང་བ་བཅས་ལ་མི་འཛེམས་པར་ཕ་རབས་ཚོས་བརྒྱུད་པའི་བོད་སྐྱོད་ལམ་བུར་སླར་ཡང་བསྐྱོད་དེ་བོད་དུ་སྐུ་གཤེགས་པའི་ཕ་རབས་ཀྱི་འཐབ་གྲོགས་ཚོར་དུར་མཆོད་བྱས་པ་རེད། དྲ་ཕྱིའི་བྱེད་སྒོ་ཕུད་ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང“དྲ་ཐོག་ནས་སྔོན་གཤེགས་དཔའ་བོར་དུར་མཆོད”ཀྱི་བྱེད་སྒོ་ཁྱབ་གདལ་བཏང་བ་རེད།

ཟླ་4ཚེས་3ཉིན་བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་ཁོངས་གཏོགས་ཀྱི་དཔུང་སྡེའི་དཔོན་དམག་སྒྲིག་འཛུགས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་པ་རེད། དཔོན་དམག་ཚོས་མི་དམངས་ཀྱི་དཔའ་བོ་མིག་དཔེར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ནམ་ཡང་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་སྲུང་དམག་གཅིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཟླ་4ཚེས་4ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་དང་། སྐམ་དམག་སྨན་ཁང་ཨང་955 ཆབ་མདོ་ཡན་ལག་དམག་ཁུལ་ཁང་སོགས་ཀྱི་ཚན་པས་ཆབ་མདོ་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བསྐྱོད་དེ་དྭངས་གསལ་དུས་ཚིགས་སུ་དུར་མཆོད་ཀྱི་བྱེད་སྒོ་སྤེལ་བ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་སྐལ་མཆོག་གིས་ཞུས)