《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

ཟིན་ཐོ་སྣ་ཟིན་སྤུ་ཟིན།(སྙན་ཚོམ)

སྨྱུག་སོན་ནོར་བཟང་།

༄༅།།གྲི་གུ་རྩྭ་ཐང་།

ཁོད་ཡངས་པའི་རང་བྱུང་རྩྭ་ཐང་དེར་འབྱོར་ན།

རང་དབང་གི་གླུ་དབྱངས་ཤིག་ཐོལ་གྱིས་འཕྱུང་ངེས།

སྡུག་བསྔལ་ཡོད་ཚད་རང་དགར་བརྗེད་སྲིད།

སེམས་པ་དེ་བག་ཕེབས་པོར་གནས་སྲིད།

ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ལ་དབང་སྲིད།

གནམ་སྔོན་དང་སྤྲིན་དཀར་འོག་གི་རྩྭ་ཐང་།

རྟ་ནོར་ལུག་གསུམ་གྱི་འཚོ་རྟེན་རེད།

ཨ་ཁུ་འབྲོག་པའི་ཕ་ས་རེད།

ཨ་ཅེ་འབྲོག་མོའི་གླུ་དབྱངས་ཀྱི་གར་སྟེགས་རེད།

ད་དུང་། ཁྱེད་དང་ང་ཡི་ཞིང་ཁམས་རེད།

༄༅།།དྭངས་ར་གཡུ་མཚོ།

མེས་པོ་ནས་མེས་པོ་བརྒྱུད་པའི།

ཡིད་ཀྱི་མཚོ་མོ།

མཐོ་སྒང་གི་ཨ་མས་གནང་བའི་ནུ་ཞོ་རེད།

ཞིམ་མངར་གྱི་ནུ་ཞོ་དེས།

སེམས་ཅན་གྲངས་མེད་ཅིག་གི་ཚེ་སྲོག་བསྐྱབས་ཡོད།

མེས་པོ་ནས་མེས་པོ་བརྒྱུད་པའི།

ཡིད་ཀྱི་མཚོ་མོ།

མཐོ་སྒང་གི་ཨ་ཕས་རྩྭ་ཐང་ལ་ཕུལ་བའི་ཡོན་ཆབ་རེད།

བདུད་རྩིའི་ཡོན་ཆབ་དེས།

འགྲོ་བ་མང་པོ་ཞིག་ལ་རྒྱུ་འབྲས་ཀྱི་ཆོས་ཉིད་བསྟན།

༄༅།།ཡར་ལྷ་ཤམ་པོ།

གངས་དཀར་གྱི་ཅོད་པན་གཙུག་ཏུ་བཞེས་པའི།

སྲིད་པའི་གངས་རྒན་ཁྱོད།

ས་གཞིའི་ཕུན་ཚོགས་རེད།

འཇིག་རྟེན་གྱི་མིག་འབྲས་རེད།

སེམས་པ་དང་སེམས་པས་བསྐུར་བའི།

གངས་རྒན་ཁྱོད་ལ།

སྙན་ངག་གི་མཆོད་པ་ཞིག་འབུལ་འདོད།