《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

སྙན་ངག་གསར་རྩོམ་སྐོར་གྱི་གླེང་མོལ་ཐན་ཐུན།

ཨོ་རྒྱན་བསྟན་དར།

ལྷོ་ཁ་མཐོ་འབྲིང་གཉིས་པའི་སློབ་མ་རྣམས་ཀྱིས་ཆེད་དུ་བོས་ཏེ་སྙན་ངག་གསར་རྩོམ་གྱི་སྐོར་ལ་གཏམ་བཤད་ཐུང་ངུ་ཞིག་སྤེལ་བ་གང་ཞིག སྙན་ངག་གསར་རྩོམ་ལ་མོས་པའི་ལས་དང་པོ་བ་རྣམས་ལ་ཕན་དུ་རེ་ནས་སྟབས་བདེ་ཙམ་དུ་འཆད་པ་ལ།

དང་པོ། སྙན་ངག་གསར་རྩོམ་གྱི་ལམ་གྱི་འགོ་མ་ནི་དགའ་ཞེན་ཡིན། དེའང་ཇི་སྐད་དུ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་བཞིན་ཉམས་པ་མེད་ལ་ལྟོས། །ཞེས་གསུངས་པ་ལྟར། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ནི་བྱིས་བློ་ཅན་ནས་ཤེས་དཔལ་དར་བའི་ཕྱོགས་སུ་བསྐྱོད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་། ད་ལྟ་ནི་ང་ཚོས་མེས་པོ་གོང་མའི་རྣམ་དཔྱོད་ཀྱི་རྩལ་ལས་ཕྱུང་བའི་ཤེས་རིག་རྒྱུད་འཛིན་དང་མུ་མཐུད་གསར་གཏོད་བྱེད་པའི་དུས་རིམ་ཞིག་ལ་སྙེག་པའི་དུས་ཤིག་ཡིན་ལ། དུས་རིམ་འདིའི་ནང་ང་ཚོས་མེས་པོ་གོང་མས་གསར་གཏོད་གནང་བའི་ཤེས་རིག་རྒྱུད་འཛིན་བྱེད་པའམ། ཡང་ན་དུས་ཀྱི་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་ཤེས་རིག་གསར་པ་གསར་གཏོད་བྱེད་པ་ཅི་ཞིག་ལྟར་ཡང་། སྙན་ངག་ནི་དེའི་ཐབས་དང་ཐབས་བྱུང་བླ་ན་མེད་པ་ཞིག་ཏུ་འཁུམས།

དེའང་མེས་པོ་གོང་མས་འཇིག་རྟེན་ཁམས་ཆེན་པོའི་ནང་འཚོལ་ཞིབ་མཛད་པའི་འཚོ་གནས་ཀྱི་རིག་གནས་མཐའ་དག་ང་ཚོས་སྙན་ངག་ལམ་ནས་སློབ་སྦྱོང་དང་རྒྱུད་འཛིན་བྱ་ཆོག་ལ། དེ་ལ་བརྟེན་ནས་རང་གི་འཚོ་བའི་དགོས་མཁོ་དང་མཐུན་པའི་རིག་གནས་དག་ཀྱང་སྙན་ངག་ལ་བརྟེན་ནས་གསར་རྩོམ་དང་མཉམ་སྤྱོད་བྱ་ན་ཆོག དཔེར་ན། ང་ཚོ་ཚང་མར་མི་ཚེའི་ལོ་རྒྱུས་ངེས་ཅན་རེ་ཡོད་ཅིང་། དེའི་ནང་ཁ་ཆག་སྣ་རལ་གྱི་མྱོང་བ་ཡོད་མྱོང་ལ། བདེ་ལེགས་ཕུན་སུམ་ཚོགས་པའི་མྱོང་བའང་ཡོད་མྱོང་། མྱོང་བ་དེ་དག་ལ་བརྟེན་ནས་ང་ཚོ་འཚར་ལོངས་བྱེད་བཞིན་ཡོད་ལ། ང་ཚོས་མྱོང་བ་དེ་དག་གི་དོན་སྙིང་སྙན་ངག་ཏུ་བཀོད་དེ་མི་གཞན་ལ་མཉམ་སྤྱོད་ཞུས་པ་ལ་བརྟེན་ནས། མིའི་རིགས་ཀྱི་བསམ་བློ་དང་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་མཐོལ་མེད་པ་སྒྲུབ་ཀྱིན་ཡོད། དེས་ན། སྙན་ངག་གསར་རྩོམ་ནི་མིའི་རིགས་ཀྱི་ཤེས་རིག་གསོག་འཇོག་དང་རྒྱུད་འཛིན་གྱི་ཐབས་ལམ་བཟང་པོ་ཞིག་ཡིན་ལ། སྙན་ངག་གསར་རྩོམ་ནི་རང་གི་སློབ་སྦྱོང་དང་འཚོལ་ཞིབ་ལ་བརྟེན་ནས་ཐོབ་པའི་ཤེས་རབ་དང་ལག་ལེན་གྱི་འབྲས་བུ་མུ་མཐུད་གསར་གཏོད་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན། མདོར་ན། སྙན་ངག་གསར་རྩོམ་ནི་རང་གི་འཚོ་སྟངས་ཤིག་སྐད་ཆའི་འགྱུར་བག་གིས་སྒྱུར་བའི་ཐབས་ཚུལ་ཞིག་ཡིན་ན། དེས་རང་གི་འཚོ་བའི་ནང་ཟམ་མི་ཆད་པའི་བསམ་པའི་ལོངས་སྤྱོད་མཁོ་འདོན་བྱེད་བཞིན་ཡོད་པས། སྙན་ངག་གསར་རྩོམ་ནི་མིའི་འཚོ་བ་དང་ཉིན་གཅིག་ཀྱང་ཁ་འབྲལ་ཐབས་མེད་པ་ཞིག་གོ།

མིའི་རིགས་ཀྱི་འཚོ་བའི་ནང་མཐོ་ཞིང་བཙན་པའི་གངས་རི་དང་། མཛེས་ཤིང་སྒེག་པའི་སྤྲིན་དཀར། སྔོ་ཤིང་ལྗང་བའི་ནེའུ་གསིང་། ལྷུང་ལྷུང་སྒྲོག་པའི་ཆུ་བོ་སོགས་མཛེས་སྡུག་ཡིད་དུ་འོང་བའི་རང་བྱུང་མཛེས་པས་ཁྱབ་ཡོད་ལ། ཡང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་། ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ། དགའ་གུས་ཡིད་དབང་འཕྲོག་པའི་དད་འདུན། སྲིད་ན་རབ་ཏུ་བརྗིད་པའི་ཕུགས་འདུན། དེ་བཞིན་བག་ཕེབས་པའི་གླུ་གར་དང་། དགའ་སྐྱིད་ལྡན་པའི་རྩེད་འཇོ། ཁོང་ནས་དགོད་བྲོ་བའི་ཀུ་རེ་སོགས་མིའི་རྣམ་དཔྱོད་ཀྱི་ཟེགས་མ་ལས་འཐོར་བའི་འཚོ་བའི་མཛེས་པ་དག་གིས་ཕྱུག་ཡོད། མི་ནི་འདི་རྣམས་འཚོལ་ཞིབ་བྱེད་མཁན་ཡིན་ལ། མི་ནི་འདི་རྣམས་ལོངས་སྤྱོད་པ་པོའང་ཡིན། དེ་བས་སྙན་ངག་གསར་རྩོམ་ནི་མེས་པོ་གོང་མའི་འཚོལ་ཞིབ་དང་ལོངས་སྤྱོད་བྱེད་སྟངས་ཉམས་སུ་མྱོང་བའི་ཐབས་བྱུང་གི་འབྲས་བུ་ཞིག་ཡིན་ལ། སྙན་ངག་གསར་རྩོམ་ནི་རང་གིས་འཚོལ་ཞིབ་བྱས་པ་ལས་ཐོབ་པའི་ལོངས་སྤྱོད་དང་འབྲས་བུ་རྣམས་ཀློག་པ་པོར་མཉམ་སྤྱོད་བྱེད་པའི་ཐབས་ཕུལ་དུ་བྱུང་བ་ཞིག་ཡིན། དེར་བརྟེན། སྙན་ངག་གསར་རྩོམ་གྱི་ལས་ལ་མི་སྤྲོ་བའི་བློ་ལྡན་སུ་ཞིག་ཡོད་མྱོང་ཨང་།

ལས་དང་པོ་ཞིག་ལ་མཚོན་ན། སྙན་ངག་གསར་རྩོམ་ལ་དགའ་ཞེན་བྱེད་པ་འོས་སུ་ཆེ་མོད། སྙན་ངག་གསར་རྩོམ་གྱི་དགེ་མཚན་རྣལ་མ་ཁོང་དུ་ཆུད་པའི་ངེས་ཤེས་ལ་བརྟེན་ནས་སྙན་ངག་གསར་རྩོམ་ལ་དགའ་ཞེན་རྣམ་དག་ཡོད་དགོས་ལ། སྙན་ངག་གསར་རྩོམ་ལ་དགའ་ཞེན་རྒྱུན་འཁྱོངས་བྱེད་དགོས་སོ། །

གཉིས་པ། དངོས་གཞི་འཆད་པ་ལ། སྙན་ངག་གསར་རྩོམ་གྱི་བྱ་བ་ནི་ནུས་རྩལ་འདོན་སྤེལ་གྱི་བྱ་བ་ཞིག་ཡིན་པ་ལྟར། ནུས་རྩལ་འདིའང་ཆུ་རྐྱལ་རྒྱག་པ་དང་། རླངས་འཁོར་གཏོང་བ། གྲུ་གུ་རྩེད་པ། བྲོ་འཁྲབ་པ་སོགས་དང་འདྲ་བར་བསླབ་པར་བྱ་ཞིང་སྦྱང་བར་བརྩོན་དགོས། དེའང་ཇི་སྐད་དུ། འཇིག་རྟེན་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན། ཞེས་པ་ནི་གནད་འདིར་འཇུག་པའི་མན་ངག་གི་མཆོག་ཏུ་འཁུམས་ཤིང་། ཇི་སྐད་དུ། སྐུ་ཞབས་ལུའུ་ཞུན་གྱིས། རྩོམ་ཡིག་ཇི་ལྟར་འབྲི་དགོས་ཤེ་ན། ང་ལ་གསལ་པོ་ཞིག་བཤད་རྒྱུ་མེད། ངའི་རྩོམ་ཡིག་ནི་གཞན་རྩོམ་མང་དུ་བཀླགས་པ་དང་འབྲི་སྦྱོང་མང་དུ་བྱས་པ་ལས་བྱུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐབས་དང་མན་ངག་ཅིག་ང་ལ་མེད་ཅེས་གསུངས་ཡོད། བཀའ་མོལ་དེའི་དོན་གྱི་སྙིང་པོ་ནི་རྩོམ་ཡིག་གསར་རྩོམ་བྱེད་པའི་ཐབས་དེ་མཐར་ཐུག་ནས་བཤད་ན་གོང་ལྟར་སློབ་པ་དང་སྦྱོང་བ་ལས་འོས་མེད་པ་དེ་རེད། དེ་དང་འདྲ་བར་ཀོར་ཁིས། དཔེ་དེབ་ལ་དགའ་བར་གྱིས་དང་། དེས་ཁྱོད་ལ་སྟོབས་ཤུགས་སྩོལ་ངེས་ཞེས་གསུངས་ཡོད། དེའི་མདོ་དོན་ཡང་ཞིབ་པར་སྨོས་ན། དཔེ་དེབ་ལ་དགའ་ཞེན་བྱེད་པ་ནི་དཔེ་དེབ་ཁ་ལ་གྱོན་ནས་འདུག་རྒྱུ་དེ་མ་ཡིན་པར། འོ་ན་ཅི་ཡིན་ཞེ་ན་ལྟ་ཀློག་མང་དུ་བྱེད་པ་དང་ལྟ་ཀློག་ནན་ཏན་དུ་བྱེད་པ། ལྟ་ཀློག་ཡང་ཡང་དུ་བྱེད་པ་དེ་རེད། དཔེ་དེབ་ལྟ་ཀློག་བྱས་པ་ན་དེས་རྩོམ་པ་པོའི་བསམ་བློའི་འཇིག་རྟེན་དུ་ཉུལ་ཐུབ་པ་དང་། དེས་རང་ཉིད་ཀྱི་མཐོང་རྒྱ་དང་ཤེས་རྒྱ་བསྐྱེད་ཐུབ་པ་མ་ཟད། བརྩེ་སེམས་སྐུལ་སྤེལ་དང་བསམ་བློའི་ངོས་འཛིན་ལ་ཤན་ཤུགས་བཟང་པོ་ཐེབས་ནས། བསམ་བློའི་མཛེས་ཚོར་ནུས་པ་གཉོར་ཞིང་བསྐྱངས་ཏེ་བསམ་བློའི་ལྟ་བ་སྲ་བརྟན་དང་བསམ་བློའི་གོ་རྟོགས་གོང་མཐོར་འགྲོ་ངེས་རེད། དེ་ལྟར་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་ཇེ་ཆེར་འཕེལ་བའི་བརྒྱུད་རིམ་ནང་ད་གཟོད་གསར་རྩོམ་གྱི་ལམ་ལ་དངོས་སུ་ཞུགས་པའི་སྟོབས་ཤུགས་ཀྱི་ཁ་སོས་ནས་འོང་བ་ཡིན་ན། དེ་དང་འབྲེལ་ནས་ད་གཟོད་འབྲི་སྦྱོང་གི་སྦྱངས་པ་མི་ཞན་པ་བྱེད་དགོས་སོ།།

བསྐྱར་ཟློས་རང་བཞིན་གྱི་འཚོ་བའི་ནང་དཔེ་དེབ་རེ་བཀླགས་སོང་ན། དེས་ཁྱོད་ཀྱི་བསྐྱར་ཟློས་ཀྱི་འཚོ་བ་ལ་འགྱུར་ཁུག་ཅིག་ངེས་པར་བསྣན་སྲིད། དེ་བས་ང་ཚོས་རིགས་མི་འདྲ་བའི་དཔེ་དེབ་སྣ་ཚོགས་ཏེ། རླབས་ཆེན་གྱི་སྐྱེས་བུ་དག་གི་རྣམ་ཐར་དང་། ལེགས་ཉེས་བླང་དོར་དང་བྱ་བའི་འཇུག་ལྡོག་གི་ཚུལ་སྟོན་པའི་ལེགས་བཤད་དང་བསླབ་བྱ་སྟེ། དཔེར་ན། ལེགས་བཤད་རིན་པོ་ཆེའི་གཏེར་དང་། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན། ལེགས་བཤད་འཕྲུལ་གྱི་དྲ་བ་ལྟ་བུ། སྤྱི་ཚོགས་ཀྱི་དུས་འགྱུར་མཚོན་པའི་བྱུང་བརྗོད་རྩོམ་རིག་སྟེ། དཔེར་ན། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་། ཆུ་ངོགས་གཏམ་རྒྱུད། དཔལ་མིའི་དབང་པོའི་རྟོགས་པ་བརྗོད་པ་ལྟ་བུ། དེ་བཞིན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱལ་ཚང་གི་གསང་བ་དང་དཀའ་སྤྱད་ཁུར་དུ་བཟོད་པའི་ངལ་རྩོལ་པའི་བླ་མེད་ཀྱི་མི་གཤིས་མཚོན་པ་སོགས་སྤྱི་ཚོགས་ལོ་རྒྱུས་ཀྱི་འཚོ་བ་མཚོན་ནུས་ཆེ་ལ། ཡར་ཐོན་དང་དྲང་ཕྱོགས་ཀྱི་བསམ་བློས་གཏམས་པའི་བརྩམས་ཆོས་དང་དཔེ་དེབ་ཅི་རིགས་ལྟ་ཀློག་བྱས་ན། དེས་ཁྱོད་ཀྱི་བསྐྱར་ཟློས་ཀྱི་འཚོ་བ་ལ་འགྱུར་ཁུག་སྣ་ཚོགས་ཤིག་བསྐྲུན་ངེས་པ་མ་ཟད། ཁྱོད་ཀྱི་འཇིག་རྟེན་དེའང་གཞན་ལས་ཁྱད་པར་འཕགས་ཤིང་ཐུན་མོང་མ་ཡིན་པ་ཞིག་ཏུ་སྒྲུབ་པར་བྱེད་ངེས། དེ་ལྟར་ཁྱོད་ཀྱི་བསམ་བློ་དང་ཀུན་སྤྱོད། བརྩེ་དུང་དག་ཀྱང་ཁྱོད་ལ་དབང་བར་འགྱུར་ཞིང་། ཁྱོད་ཀྱི་གསར་རྩོམ་གྱི་ལམ་བུའང་ཁྱོད་ཉིད་ཀྱི་གསར་རྩོམ་གྱི་ལམ་བུ་ཞིག་ཏུ་འགྱུར་རོ། །

ཡང་དཔེ་དེབ་ལྟ་ཀློག་བྱེད་པའི་བརྒྱུད་རིམ་དེ་ཤེས་བྱ་གསོག་འཇོག་དང་བསམ་གཞིགས་གོང་འཕེལ། བརྩེ་དུང་ཕུན་སུམ་ཇེ་ཚོགས། ནུས་རྩལ་ཇེ་ཆེ་བཅས་སུ་འགྲོ་བའི་ཐབས་སུ་འགྱུར་དགོས་ན། དཔེ་དེབ་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་ད་དུང་གཙིགས་སུ་གཟུང་དགོས་པ་གནད་འགའ་ཞིག་མཆིས་པ་སྟེ། དེ་ནི་དཔེ་མཚོན་གྱི་དཔེ་ཆོས་དང་གཏམ་དཔེ། ལེགས་བཤད། དམངས་གཞས་ལ་སོགས་པ་བློ་ལ་འཛིན་པ་དང་། ཁྱད་འཕགས་ཀྱི་བསླབ་བྱ་དང་ངོ་མཚར་གྱི་བྱུང་རིམ་ཕྲ་རབ་རྣམས་རང་ངམ་གཞན་ལ་ཡང་ཡང་བཟློ་བ། སྒྲུང་གཏམ་སོགས་བྱུང་བརྗོད་རྩོམ་རིག་གི་མི་སྣའི་ལས་དབང་ལ་སེམས་ཁུར་དང་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། རང་བྱུང་ཁམས་ཆེ་མོ་དང་ཕ་ཡུལ་ལ་དུང་ཞེན་འཆིང་བ། རྟག་ཏུ་ཕལ་པའི་འཚོ་བ་དང་དམངས་ཀྱི་སྐྱིད་སྡུག་ལ་དོ་ཁུར་དང་འགན་སེམས་འཆིང་བ་སོགས་ནི་དཔེ་དེབ་ལྟ་ཀློག་བྱེད་པའི་ལམ་གྱི་གཞུང་རྟ་དང་གནད་ཀ་ཐུག་ས་དག་ཡིན་ལ། དེ་ལྟར་བྱས་ན་རང་ངོས་ཀྱི་བརྡ་སྤྲོད་ནུས་རྩལ་ཡང་ཇེ་ཆེར་འགྲོ་བ་དང་། རང་རྒྱུད་ཀྱི་ཤེས་རབ་གོང་དུ་འཕེལ་བ་དང་གཤིས་སྤྱོད་ཇེ་ལེགས་ཇེ་བཟང་དུ་འགྱུར་ཞིང་། དེ་ལ་བརྟེན་ནས་བརྩམས་པའི་བརྩམས་ཆོས་ལ་ཡང་ཚིག་དོན་གཉིས་ཆར་ནས་བོགས་བཟང་པོ་ཐོན་ནས་ཀློག་པ་པོའི་དགའ་བསུ་ཆེན་པོ་ཐོབ་ངེས་ཡིན་ནོ།།

དེ་ལྟར་དཔེ་དེབ་ཀློག་པ་ནི་གསོག་འཇོག་དང་སྡུད་ལེན་གྱི་བརྒྱུད་རིམ་ཞིག་ཡིན་མོད་བརྒྱུད་རིམ་དེའི་ནང་སྤྲོ་སྣང་ནི་མེད་ཐབས་ཁ་མེད་ཡིན། གནད་འདིས་དཔེ་དེབ་ལྟ་ཀློག་བྱེད་སྐབས་ལག་ཏུ་གང་ལོན་དང་གྲགས་རྩོམ་འབའ་ཞིག་དོན་དུ་གཉེར་ནས་མི་ཀློག་པར། གཙོ་བོ་རང་གི་ལོ་ན་དང་སེམས་ཁམས། ཤེས་ཚད། བློ་སྦྱོང་གི་ནུས་པ་སོགས་དང་འཚམས་པའི་དཔེ་དེབ་གདམ་ག་བྱས་ཏེ་ལྟ་བ་ནི་ལས་དང་པོ་བ་ཞིག་ལ་མཚོན་ན་ཚན་རིག་དང་མཐུན་པའི་དཔེ་དེབ་ལྟ་ཀློག་བྱེད་སྟངས་ཤིག་ཡིན་ལ། དེ་ཡང་བོད་ཡིག་གི་དཔེ་དེབ་ལ་མཚོན་ན། ལྷ་མོའི་འཁྲབ་གཞུང་ཆེ་མོ་བརྒྱད་དང་གླིང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུ་སློབ་ཆུང་ལོ་རིམ་བཞི་པ་ནས་དམའ་འབྲིང་དུས་སྐབས་ཀྱི་སློབ་མའི་ལྟ་ཀློག་གི་གཞིར་ཧ་ཅང་མཛའ་ཞིང་། ལེགས་བཤད་འཕྲུལ་གྱི་དྲ་བ་ལྟ་བུའི་མི་ཆོས་བསླབ་བྱའི་རྩོམ་རིག་དང་མཁས་བླུན་བརྟག་པའི་མདོ་ལ་སོགས་པ་སྐྱེས་བུ་དམ་པའི་ཐུན་མིན་གྱི་སྐྱེས་རབས་ལྟ་བུ་ལམ་དང་ལམ་མ་ཡིན་པ་དཔེ་དང་དོན་སྣ་ཚོགས་པའི་སྒོ་ནས་སྟོན་པའི་བརྩམས་ཆོས་ཅི་རིགས་པ་རྣམས་ནི་མཐོ་འབྲིང་སློབ་མ་ལ་ཧ་ཅང་འཕྲོད་པར་མཐོང་། ཡང་འཇིག་རྟེན་བྱ་བར་མིག་ལྟོས་འཕེར་ཞིང་། སྤྱི་ཚོགས་ལོ་རྒྱུས་ཀྱི་ནང་དོན་རྒྱ་ཆེ་བསྡུས་པའི་ཆོས་འབྱུང་དང་ལོ་རྒྱུས་མི་སྣའི་རྣམ་ཐར་དང་རྟོགས་བརྗོད་ཀྱི་རྩོམ་རིག་ལ་སོགས་ཚིག་དོན་གཉིས་ཀའི་ཆ་ནས་བརླིང་ཞིང་བརྗིད་ཆེ་བ་དག་ནི་སློབ་ཆེན་སློབ་མས་ནན་གྱིས་ལྟ་ཀློག་བྱས་ན་འོས་སུ་ཆེ་བར་མཐོང་ངོ་། དེ་ལྟར་ན་དཔེ་དེབ་ཀློག་པ་དེ་རྨོངས་པ་འཇོམས་བྱེད་དང་ཤེས་རབ་དང་བཟང་སྤྱོད་སྐྱེད་བྱེད་དུ་འགྲོ་བ་ལས་རྨོངས་པ་ཀུན་ཤེས་གཅིག་རྡུགས་སུ་མི་འགྱུར་བའི་དགེ་ཐོན་པ་མ་ཟད། རང་རྒྱུད་ཀྱི་སྤྲོ་བ་དང་དང་བའི་གཤེད་དུའང་མི་འགྲོ་བའི་ལས་སུ་འགྱུར་བར་ཡང་སྣང་ངོ་།།

གཞན་ཡང་། རྩོམ་པ་པོ་གྲགས་ཅན་ཚོས་དཔེ་དེབ་མང་དུ་བཀླགས་མྱོང་བ་ཕུད། ད་དུང་ཁོང་ཚོར་ཁྱད་འཕགས་ཀྱི་ཡོན་ཏན་གཞན་ཅི་ཡོད་སྙམ་ན། དེ་ནི་ཁོང་ཚོར་མི་དཀྱུས་མ་དང་མི་འདྲ་བའི་ཚོར་བ་རྣོན་པོ་ཞིག་ཡོད་པ་དེ་ཡིན། འོ་ན་ཁོང་ཚོའི་ཚོར་བ་རྣོན་པོ་དེ་ག་ནས་བྱུང་བ་ཡིན། དེ་ནི་སྟེས་དབང་དང་སྟབས་ལེགས། རིག་ཀློང་བརྡོལ་ནས་བྱུང་བ་ཞིག་ཡིན་ནམ་ཞེ་ན། ངས་བལྟས་ན་དེའང་སྤྱིར་ན་སློབ་སྦྱོང་གི་ཁྲོད་ནས་སྐྱེད་སྲིང་བྱས་ནས་བྱུང་བ་ཞིག་ཡིན། རྩོམ་པ་པོ་གྲགས་ཅན་ཚོར་མཚོན་ན། ཁོང་ཚོའི་དཔེ་དེབ་ལྟ་བའི་གོམས་གཤིས་ཧྲིལ་པོ་སློབ་སྦྱོང་གི་གོམས་གཤིས་ཤིག་ལ་འགྱུར་ཡོད་པ་སྟེ། ཁོང་ཚོའི་དཔེ་དེབ་ཀློག་པའི་བརྒྱུད་རིམ་དེ་གསོག་འཇོག་དང་སྡུད་ལེན་གྱི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། དེ་ནི་ད་དུང་བརྟག་དཔྱད་དང་དོགས་སློང་གི་བརྒྱུད་རིམ་ཞིག་ཡིན་པ་དང་། བརྒྱུད་རིམ་དེའང་མི་དམངས་ཀྱི་འཚོ་བ་དང་དོན་དངོས་ཀྱི་སྤྱི་ཚོགས་ཀྱི་རྨང་གཞི་དང་ཡ་མ་བྲལ་བ་མཛད་པ་ལ་བརྟེན་ནས། ཁོང་ཚོའི་རྣམ་དཔྱོད་དེ་གཞན་དང་མི་འདྲ་ཞིང་། ཁོང་ཚོའི་རྣམ་ཀུན་གྱི་བསམ་པའི་འཇུག་ཡུལ་དེའང་རང་ཉིད་དང་། རང་ཉིད་འཚོ་གནས་བྱེད་པའི་ཁོར་ཡུག་འདིའི་དོན་དངོས་འཚོ་བ་ཡིན་པའི་སྟབས་ཀྱིས། ང་ཚོས་དོ་སྣང་དང་དོ་གལ་མ་བྱུང་བའི་འཚོ་བའི་སྣང་ཚུལ་མང་པོ་ཞིག་ད་གཟོད་ཁོང་ཚོའི་དབང་ཤེས་ཀྱིས་ཚོར་ཞིང་རྟོགས་ཐུབ་པ་ནི་རྒྱུན་གཏན་གྱི་གནས་ལུགས་ཤིག་ཏུ་ཟད། དེར་བརྟེན། ང་ཚོས་དཔེ་དེབ་ལྟ་ཀློག་བྱེད་པ་དེ་འཚོ་བར་ཟབ་འཇུག་བྱེད་པ་ཞིག་དང་། རང་ཉིད་ལ་དོགས་སློང་དང་ལམ་སྟོན་བྱེད་པ་ཞིག སྤྱི་ཚོགས་འགན་འཁུར་གྱི་བློ་སྦྱོང་ཞིག་བཅས་སུ་འགྱུར་དགོས། དེ་ལྟར་བྱས་ན་རང་ཉིད་ཀྱི་ཁམས་དང་མོས་པ་དང་མཐུན་པའི་སྙན་ངག་གི་ལུས་ཅི་རིགས་ལ་འཇུག་ནུས་པར་མ་ཟད། དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །གསུང་བ་བཞིན་ཚིག་དོན་གཉིས་ཆར་ནས་སྙན་རོ་ཐོན་པའི་སྙན་ངག་ལམ་ལ་འཇུག་ནུས་པར་འགྱུར་རོ།།

མདོར་ན། དཔེ་དེབ་ལྟ་ཀློག་བྱེད་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞིང་། ལྟ་ཀློག་དང་སློབ་སྦྱོང་ངེས་ཅན་རེ་ཟིན་མཚམས་གསར་རྩོམ་མམ་འབྲི་སྦྱོང་གི་ཡིག་རྒྱུགས་རེ་ནང་འཇུག་པར་བྱས་ཚེ། ལྟ་ཀློག་དང་གསར་རྩོམ་གྱི་སློབ་སྦྱོང་དང་ལག་ལེན་རབས་དང་རིམ་པའི་ཁྲོད་ནས་ད་གཟོད་ཁྱོད་ཀྱི་གསར་རྩོམ་ནུས་རྩལ་གང་ཡང་ཇེ་བྱང་ཇེ་བྱང་དུ་འགྲོ་བ་ནི་རྩོམ་རིག་སྤྱིའི་གསར་རྩོམ་ལ་འཇུག་པའི་ཐབས་ཚུལ་ཞིག་ཡིན་ལ། དེ་ནི་སྙན་ངག་གསར་རྩོམ་ལ་འཇུག་པའི་སྤྱིའི་ཐབས་ཚུལ་ཡང་ཡིན། དེ་མ་ཡིན་པའི་སྙན་ངག་གསར་རྩོམ་ལ་འཇུག་པའི་ཐབས་ཚུལ་སྔ་ན་མེད་པ་ཞིག་བདག་ལ་ལོགས་སུ་བསྟན་རྒྱུའང་མེད་དོ།།