《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

འདི་ལོ་ལྗོངས་ཡོངས་ཀྱིས་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱེད་པའི་འཆར་གཞི་ཡོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཕྱོགས་སྒྱུར་སྐུལ་སྤེལ་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། 2021ལོར་ལྗོངས་ཡོངས་ཀྱིས་ཞིང་འབྲོག་པ་ཁྲི་60ཡན་ལས་ཞུགས་གཞན་སྒྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་མི་ཁྲི་70ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་50ཡོང་བ། མི་ཁྲི་10ལ་རྩལ་ནུས་གསོ་སྦྱོང་ཐུབ་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་རེད།

འདི་ལོ་ནི་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་སྟོན་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རང་འགུལ་ངང་མཐུན་སྦྱོར་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ས་ཁུལ་ཁག་གི་ལས་ཞུགས་གཞན་སྒྱུར་རྟེན་གཞིའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་བཏང་སྟེ་2021ལོར་ལས་ཞུགས་གཞན་སྒྱུར་རྟེན་གཞི་150བསྐྱར་དུ་བསྐྲུན་ནས་ཞིང་འབྲོག་པ་ཁྲི་8ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་བྱ་རྒྱུ་ཡིན་པ་རེད། དཔལ་འབྱོར་གསར་སྤེལ་ཁུལ་དང་། བཟོ་ལས་གླིང་། རིག་གནས་ཐོན་ལས་གླིང་། ཞིང་འབྲོག་ཐོན་ལས་གླིང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) མཉམ་ལས་རྩ་འཛུགས་སོགས་ལས་ཞུགས་ཀྱི་གཡུལ་ས་གཙོ་བོའི་གྲས་ཤིག་ཏུ་གྱུར་བ་བྱས་ཏེ་རྟེན་གཞི་དང་ཞིང་འབྲོག་པའི་དབར་ངལ་རྩོལ་གན་རྒྱ་འཇོག་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ། ལྷག་པར་དུ་མཐའ་མཚམས་རྫོང་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ། མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྟེན་གཞི་དེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་གྱི་གཞི་རྟེན་བརྟན་པོ་ཞིག་ཏུ་གཏོད་ཐུབ་པ་བྱ་རྒྱུ་རེད།

དེ་དང་དུས་མཚུངས། ཁྲོམ་རའི་དགོས་མཁོ་དང་རྣམ་གྲངས་ལ་ལས་མི་དཀོན་པའི་གནས་ཚུལ་ལ་གཞིགས་ནས་དེ་བས་དམིགས་སའི་རང་བཞིན་ལྡན་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་དང་ལས་ཞུགས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་གནད་སྨིན་གསོ་སྦྱོང་རྣམ་གྲངས་བཀོད་སྒྲིག་བྱེད་པ། “ལས་ཀའི་ཁྲོད་སྦྱོང་བརྡར་ཐེབས་པ”དང“ཕྱོགས་ངེས་མངགས་ཐོའི”གསོ་སྦྱོང་གཙོ་གནད་དུ་སྤེལ་བ། གསོ་སྦྱོང་གི་བརྒྱུད་རིམ་བརྟན་དུ་གཏོང་བ། དངོས་སྦྱོང་བྱེད་ཐབས་བརྒྱུད་ནས་ཨར་སྐྲུན་དང་། བཟོ་གྲྭ ཁེ་ལས། མཉམ་ལས་ཁང་སོགས་མི་སྤྱོད་ཚན་པ“དངོས་སྦྱོང་གི་སློབ་ཁང”ལ་བརྩི་བ་བཅས་བྱས་ཏེ་གསོ་སྦྱོང་བྱེད་ཀྱིན་འབབ་འཕར་ཡོང་བ་དང་གསོ་སྦྱོང་རྗེས་ལས་གནས་ཐོག་ཞུགས་ཐུབ་པའི་འགན་ལེན་བྱེད་པ། 2021ལོར་མི་ཁྲི་12ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་དང་། གསོ་སྦྱོང་བྱས་རྗེས་མི་ཁྲི་7.2ཡན་ལས་ཞུགས་ཐུབ་པར་བྱེད་པ། “ལས་ཀའི་ཁྲོད་སྦྱོང་བརྡར་ཐེབས་པ”དང“ཕྱོགས་ངེས་མངགས་ཐོའི”གསོ་སྦྱོང་གི་བསྡུར་ཚད་50%བཟུང་ཐུབ་པ་བཅས་བྱས་ཏེ་ལས་ཞུགས་གཞན་སྒྱུར་གྱི་སྤུས་ཚད་མཐོ་རུ་བཏང་ནས་ཞིང་འབྲོག་པ“ཐོན་ལས་བཟོ་པར”འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)