《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

སྨན་སྒམ་ཆུང་ཆུང་ཞིག་གི་གཏམ་རྒྱུད།

ཁུང་ཧྥན་སེན། ཕོ། རྒྱ་རིགས། 1944ལོར་འཁྲུངས། ཧྲན་ཏུང་ལེའོ་ཁྲེང་བ། 1961ལོར་ལས་ཀར་ཞུགས། 1966ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1979ལོར་རྒྱལ་ཁབ་ཀྱིས་ནང་ས་ནས་ལས་བྱེད་པ་ཁག་གཅིག་བོད་དུ་ལས་ཀ་བྱེད་པར་སྐོང་འཐེན་བྱེད་སྐབས་སྐབས་དེ་དུས་ལེའོ་ཁྲེང་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་འགན་བཞེས་བཞིན་པའི་ཁུང་ཧྥན་སེན་གྱིས་རང་འགུལ་ངང་མིང་ཐོ་བཀོད་དེ་བོད་དུ་ཕྱག་ལས་གནང་བར་ཐེངས་དང་པོ་ཕེབས་ནས། ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་དང་ས་བབ་མཐོ་ལ་གསོ་རླུང་དཀོན་པའི་གཞིས་རྩེ་ས་ཁུལ་གམ་པ་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས། གམ་པ་རྫོང་དུ་ལོ་གསུམ་ཙམ་ཕྱག་ལས་གནང་རིང་ཁུང་ཧྥན་སེན་གྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་ཚོ་དང་འབྲོག་ཁུལ་ཚང་མར་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། 1988ལོར་ཧྲན་ཏུང་ཞིང་ཆེན་གྱིས་སླར་ཡང་བོད་སྐྱོད་ལས་བྱེད་པ་འདེམས་མངགས་བྱེད་སྐབས་སྐབས་དེ་དུས་ལེའོ་ཁྲེང་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པའི་འགན་བཞེས་བཞིན་པའི་ཁོང་གིས་སླར་ཡང་རང་འགུལ་ངང་མིང་ཐོ་བཀོད་དེ་བོད་དུ་ཐེངས་གཉིས་པ་ཕེབས་ནས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས་པ་དང་། རིག་གནས་སློབ་གསོ་དང་། འཕྲོད་བསྟེན། དམངས་སྲིད་བཅས་ཀྱི་ལས་དོན་ལ་དོ་དམ་གྱི་འགན་བཞེས།

བོད་སྐྱོར་ཐེངས་དང་པོ་གནང་རིང་། ཁོང་གིས་ཞིང་འབྲོག་ཁུལ་དུ་སྨན་པ་དང་སྨན་དཀོན་པའི་གནས་ཚུལ་མཁྱེན་རྟོགས་བྱུང་བས་ནང་སར་འགྲོ་མཁན་ཞིག་ལ་སྨན་སྒམ་ཆུང་ཆུང་ཞིག་ཉོ་རྒྱུ་མངགས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གཤམ་སྐྱོད་བྱེད་རིམ་བཞིན་ཁོང་རང་ཉིད་ཀྱིས་དངུལ་བཏང་ནས་སྒོར་བརྒྱ་གྲངས་ཁ་ཤས་ཀྱི་སྨན་ཉོས་ཏེ་སྨན་ཁུག་ནང་བླུགས་ཀྱི་ཡོད། ལས་ཀ་ཚར་རྗེས་ཁོང་གིས་མང་ཚོགས་ལ་ནད་གཞི་ལྟ་བ་དང་། སྨན་སྤྲོད་པ། ཁབ་རྒྱག་པ་སོགས་སྨན་སྒམ་ནང་གི་སྨན་མ་རྫོགས་བར་ལས་ཀ་གནང་གི་ཡོད། གམ་པ་རྫོང་གྲང་རླུང་ཤང་དུ་ཞུགས་རིང་ཁོང་གིས་ཉིན་མོ་ལས་ཀ་བྱས་པ་དང་དགོང་མོ་སྨན་སྒམ་ཆུང་ཆུང་འཁྱེར་ནས་དུད་ཚང་རེ་རེ་བཞིན་དུ་མང་ཚོགས་ལ་སྨན་བཅོས་བྱེད་པར་ཕེབས་ཀྱི་ཡོད།

ལྷ་སར་ལས་དོན་སྒྲུབ་རིང་། ཁོང་གིས་རང་ཉིད་ཀྱི་གླ་ཕོགས་མང་ཆེ་བ་སྨན་སྣ་ཚོགས་དང་བཅུད་རྫས་ཉོ་བའི་ཐད་བཏང་ནས་མང་ཚོགས་མང་པོར་ནད་ལྟ་བ་དང་། སྨན་དང་བཅུད་རྫས་སྟེར་ཡོད། ཐེངས་གཅིག་སྟོད་ལུང་བདེ་ཆེན་རྫོང་གི་རྒན་གསོ་ཁང་དུ་དབང་མོ་ཞེས་པའི་རྒན་རྒོན་ཞིག་ལ་ནད་ལྟ་སྐབས་རྒན་རྒོན་གྱི་གློ་བར་གཉན་ཁ་རྒྱས་པའི་ནད་རྟགས་ཐོན་པ་དང་སྙིང་ཡང་ཡག་པོ་མེད་པ་ཤེས་རྗེས། ཁུང་ཧྥན་སེན་གྱིས་འཕྲལ་མར་སྨན་སྒམ་ནས་གཉན་འཇོམས་སྨན་དང་གློ་འཇོམས་སྨན་སྟེར་བ་དང་དེ་ནས་མུ་མཐུད་སྨན་སྒམ་ནས་སྙིང་གི་སྨན་འཚོལ་སྐབས་སྨན་རྫོགས་ཡོད། ལྷ་སར་འབྱོར་རྗེས་ཁོང་གིས་ལམ་སེང་སྨན་ཉོས་ནས་རྒན་རྒོན་དབང་མོར་སྨན་བསྐྱལ་བར་ཆེད་མངགས་མི་བཏང་ཡོད། ཐེངས་ཤིག་སྙེ་མོ་རྫོང་དུ་སློབ་གསོའི་གནས་ཚུལ་བརྟག་ཞིབ་གནང་སྟེ་གྲོང་ཚོ་ཆུང་ངུ་ཞིག་བརྒྱུད་སྐབས་ཁུང་ཧྥན་སེན་གྱིས་འཆར་ཅན་ལྟར་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས། ས་ཕག་གི་ཁང་པ་ཆུང་ངུ་ཞིག་ནང་ཁོང་གིས་དྲན་པ་ཐོར་བའི་རྒན་རྒོན་ཞིག་ལ་གཟིགས། ཁུང་ཧྥན་སེན་གྱིས་སྨན་སྒམ་ཆུང་ངུ་དེ་ཁ་ཕྱེ་ནས་ཉན་བརྟག་ཡོ་ཆས་བླངས་ཏེ་འཕྲལ་དུ་རྒན་རྒོན་དེར་བརྟག་དཔྱད་གནང་། ད་བྱེད་དུས་རྒན་རྒོན་ཁོང་ལ་གློ་བའི་ནད་ཕོག་པ་དང་། རྣག་ལུད་ཀྱིས་དབུགས་ལམ་འགག་སྟེ་དབུགས་འབྱིན་རྔུབ་ལ་དཀའ་ངལ་འཕྲད་པས་སྲོག་ལ་ཉེན་ཁ་བྱུང་བ་ཞིག་རེད། ཁུང་ཧྥན་སེན་གྱིས་སྨན་སྒམ་ཆུང་ངུ་དེ་ཨ་སློག་བརྒྱབ་ཀྱང་དེའི་ནང་རྒྱུན་མཁོའི་སྨན་ཤ་སྟག་ལས་མེད་པ་དང་། རྒན་རྒོན་སྨན་ཁང་དུ་སྐྱེལ་བར་བསྐྱོད་ན་ལམ་ཐག་རིང་བས་སྐྱོབ་བཅོས་འགྱངས་ཀྱི་རེད་བསམ་ནས། ཁོང་གིས་འཕྲལ་མར“དེ་རང་དུ་མྱུར་སྐྱོབ”བྱ་རྒྱུའི་ཐག་བཅད་པ་དང་། དེ་རྗེས་འཕྲལ་ཐག་ཆོད་པོས་ཉན་བརྟག་ཡོ་ཆས་ཐོག་གི་འགྱིག་སྦུག་བཀོག་སྟེ་སྣེ་མོ་ཞིག་རྒན་རྒོན་གྱི་མིད་པའི་ནང་བརྒྱུས་པ་དང་། སྣེ་མོ་གཞན་དེ་རང་ཉིད་ཀྱི་ཁའི་ནང་བླུགས་ནས་དབུགས་འཐེན་འཕྲལ་དྲི་ངན་ཞིག་འགྱིག་སྦུག་ནས་དོན། ཁུང་ཧྥན་སེན་གྱིས་སྣང་བ་སྤུ་ཙམ་ཡང་མ་བཏང་བར་རྣག་ལུད་ཚང་མ་འཇིབ་གནང་བ་རེད།

སྤོ་བོ་ལགས་ག་ལེར་དྲན་པ་སོས་སྐབས་ཁུང་ཧྥན་སེན་གྱིས་དེ་མུར་སྤོ་བོ་ལགས་ལ་གཉན་འཇོམས་སྨན་ཞིག་སྟེར། སྨན་བཅོས་ཀྱི་དོན་དག་གཞན་བཀོད་སྒྲིག་ཡག་པོ་གནང་རྗེས་གཞི་ནས་ལམ་ལ་ཆས། མང་ཚོགས་ཀྱི་ཁྲོད་དུ་ཁུང་ཧྥན་སེན་གྱི་སྐོར་བརྗོད་སྐབས་ཚང་མས་མཐེ་བོང་བསྒྲེང་བཞིན“ཧྲི་ཀྲང་སྨན་པ་ཡག་པོ་འདུག”ཅེས་བརྗོད་ཀྱི་ཡོད།

1993ལོར་བོད་སྐྱོར་དུས་ཚོད་ཐིམས་པའི་ཁུང་ཧྥན་སེན་མུ་མཐུད་བོད་དུ་བཞུགས་ནས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས། སྨན་སྒམ་ཆུང་ཆུང་དེ་ཡང་ཁོང་དང་མཉམ་དུ་འགྲོགས་ཏེ་སླར་ཡང་མངའ་རིས་སུ་སླེབས། རྩྭ་ཐང་དང་། སྦྲ་གུར། ལྷས་ར་སོགས་གང་དུ་ཕེབས་རུང་མང་ཚོགས་ལ་སྨན་བཅོས་གནང་། རུ་ཐོག་རྫོང་ཁུལ་པ་ཤང་ནི་མི་འབོར་500ལྷག་ཙམ་ལས་མེད་པའི་ཤང་དབུལ་པོ་ཞིག་ཡིན་པ་དང་། རང་བྱུང་ཆ་རྐྱེན་ཞན་པས་དེ་སྔ་ནད་མང་པོ་ཐོན་ཡུལ་ཞིག་རེད། ཁུང་ཧྥན་སེན་ཤང་དེར་ཕེབས་མ་ཐག་ལམ་བར་གྱི་ངལ་དུབ་དང་ལ་དུག་ལ་མ་འཛེམ་པར། ལམ་སེང་སྨན་སྒམ་ནས་ནད་གཞི་ཉན་བརྟག་ཡོ་ཆས་བཏོན་ཏེ་མང་ཚོགས་ལ་སྨན་བཅོས་གནང་གི་ཡོད། ཁུན་ཧྥན་སེན་ཕེབས་པ་ཐོས་འཕྲལ་ཕྱོགས་ཁག་གི་མང་ཚོགས་ཁོང་གི་གམ་དུ་ནད་གཞི་ལྟ་བར་འོངས། ཁོང་གིས་མང་ཚོགས་རེ་རེ་བཞིན་ལ་བརྟག་དཔྱད་ཞིབ་ཕྲ་གནང་བ་དང་ཉིན་ཕྱེད་རིང་ཁྱོན་ནད་པ་40ལྷག་ཙམ་ལ་སྨན་བཅོས་གནང་ཡོད། སྨན་སྒམ་ཆུང་ཆུང་ནང་གི་སྨན་མགྱོགས་པོ་རྫོགས་ཀྱི་ཡོད། མང་ཚོགས་ཡིད་ཕམ་རིམ་བཞིན་ཁོང་གི་སེམས་ནང“རྗེས་མ་སྨན་མང་ཙམ་འཁྱེར་ཡོང་དགོས་འདུག་སྙམ་ཡོད”ལོ་མང་རིང་ཁོང་གིས་གླ་ཕོགས་མང་ཆེ་བ་སྨན་ཉོ་བའི་ཐད་སྤྱད་པ་དང་། སྨན་སྒམ་ཆུང་ཆུང་ནང་སྨན་ཐེངས་མང་པོ་ཉོས་ནས་མང་ཚོགས་ཀྱི་ནད་གཞི་བཅོས་གནང་ནས་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་གྱི་ཡོད།