《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

ལོ་བརྒྱའི་བསམ་འདུན་བརྟན་པོར་བསྲུངས། འབད་འབུངས་ལམ་དུ་འོད་སྟོང་འཕྲོ།

—— རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་བཀོད་པ།

ཉེ་ཆར། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཅུས་ཡོངས་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་ནས། ལུས་རྩལ་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱིས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ནས་འཕྲལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིབ་ཕྲའི་ཇུས་གཞི་བཟོས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་འཚོགས་པ། སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་རྟ་རྒྱུག་ཐང་གི་སྒོ་རའི་ནང་ཏང་གི་ལོ་རྒྱུས་གྱང་དང་། ཏང་འཛུགས་སྐྱོང་གི་ཤེས་བྱའི་བར་ཁྱམས་སྐྲུན་རྩིས་ཡོད་པ་མ་ཟད། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས“ཉིན་རེར་སློབ་སྦྱོང་ཐེངས་རེ་དང་། ལྟོ་ཆས་མ་ཟ་གོང་ཐེངས་རེ་ལྟ་བ། གཟའ་འཁོར་རེར་གླུ་གཞས་རེ་གཏོང་བ(གསར་བརྗེའི་གླུ་གཞས) ཟླ་བ་རེར་བགྲོ་གླེང་ཐེངས་རེ་བྱེད་པ། དུས་ཚིགས་རེར་རྒྱུགས་ཐེངས་རེ་གཏོང་བ། ལོ་རེར་དཔྱད་བསྡུར་ཐེངས་རེ་བྱེད་པ”བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

“ང་ཚོས་ཚན་པའི་ནང་ལས་བཟོ་དཀྱུས་མ་དང་ལུས་རྩལ་པ་ཡོད་པའི་དོན་དངོས་ལ་དམིགས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏོང་སྟངས་ཁ་ཐོར་གཅིག་སྡུད་བྱས་ཏེ་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་དང་། འཕེལ་རྒྱས་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་ཆབས་ཅིག་བསམ་བློར་བཅིངས་འགྲོལ་གཏོང་བ་དང་རང་ངོས་ཀྱི་ལེགས་ཆ་སྤྱད་དེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཧྥན་ཀྲེན་ཆང་གི་བརྗོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

2011ལོར་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་བཙུགས་པ་དང་། སྔོན་ཆད་1986ལོར་བཙུགས་པའི་བོད་ལྗོངས་རྟ་རྩལ་རུ་ཁག་རེད། ལོ་35ཡི་འཕེལ་རྒྱས་བརྒྱུད་རང་ལྗོངས་དང་ཐ་ན་རྒྱལ་ཡོངས་ལ་རྟ་རྩལ་ལུས་རྩལ་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད་ལ། རྒྱལ་ཡོངས་དང་རྒྱལ་སྤྱིའི་འགྲན་བསྡུར་ཐོག་གཟི་བརྗིད་མཚན་སྙན་མང་པོ་ཞིག་ཀྱང་ཐོབ་ཡོད། “རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ལོ་35རིང་གི་འཕེལ་རྒྱས་ཁྲོད་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་བསྡུས”ཅེས་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུའོ་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས“ལུས་རྩལ་རྣམ་གྲངས་གང་ཞིག་ནང་ཞུགས་པ་ཡིན་ནའང། ང་ཚོ་ཚང་མས་བོད་ཀྱི་ལུས་རྩལ་བ་མི་རབས་རྒན་གྲས་ཚོས་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། དཀའ་ཚེགས་ཆེ་ཤོས་དང་འཐབ་པ། དཔའ་ངར་ཆེན་པོས་རི་མཐོར་འཛེག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱས་པའི‘རི་འཛེག་སྙིང་སྟོབས’རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན”ཞེས་བརྗོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་ཏང་གི་སྲོལ་རྒྱུན་བཟང་པོར་བརྟེན་ནས་དད་སེམས་བརྟན་དུ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ལ། ལག་ལེན་ཁྲོད་བློ་སྒོ་འབྱེད་པ་དང་རྣམ་པ་གསར་པ་དེ་བས་ཀྱང་གཏོད་དགོས།

རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་རུ་ཁག་གི་རུ་དཔོན་བཀྲ་ཤིས་དར་རྒྱས་ཀྱིས“རང་ཉིད་ད་ཆའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྟངས་དེ་རིགས་ལ་ཧ་ཅང་དགའ་པོ་ཡོད། རྒྱུས་མངའ་དེ་ཙམ་མེད་པའི་རིགས་འཕྲད་སྐབས་དྲ་ཐོག་ནས་ཤེས་རྟོགས་བྱེད་ཀྱི་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་རང་ཉིད་ཀྱིས་ཏང་གི་ལོ་རྒྱུས་ལ་ཤེས་རྟོགས་དེ་བས་ཟབ་ཏུ་ཕྱིན་སོང་། སྔོན་བྱོན་པ་ཚོའི་སྙིང་སྟོབས་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། འགྲན་རའི་ཐོག་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱ་རྒྱུར་སྐུལ་མ་ཡང་ཐེབས་བྱུང”ཞེས་བརྗོད།

བྱེད་སྒོ་རབ་དང་རིམ་པ་དང་མཉམ་དུ་ད་དུང་གསར་བརྗེའི་སློབ་གསོ་རྟེན་གཞིར་ལྟ་སྐོར་བྱེད་པའི་བྱེད་སྒོ་ཡང་སྤེལ་ཞིང་། ཐེན་ཀོན་སན་གྱི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་རྗེས། རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚོགས་ཆུང་གཞུང་དོན་ཁང་གི་ལས་དོན་པ་ལི་དབྱིང་ཞ་ཡིས་མྱོང་ཚོར་ཟིན་བྲིས་ཐོག“གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་གཏམ་རྒྱུད་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་བས། སྙིང་ཁོང་རུས་པའི་གཏིང་ནས་ཁོང་ཚོར་དགའ་མགུ་ཡི་རངས་ཞུ་རྒྱུ་ཡིན། དུས་རབས་གསར་པས་ང་ཚོར་ལས་འགན་གསར་པ་དཀྲིས་པས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་འཁྲིའི་ལས་དོན་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན”ཞེས་བྲིས་ཡོད་པ་རེད།

བཅར་འདྲི་མཇུག་འགྲིལ་སྐབས་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་རྒྱལ་སྒོའི་སྟེང་གི་འོད་ཆེམ་ཆེམ་དུ་འཕྲོ་བའི“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”ཞེས་པའི་སྦྱར་ཡིག་དེ་ལ་ལྟ་བཞིན་དུ་ཧྥན་ཀྲེན་ཆང་གིས“ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་། མང་ཚོགས་ལུས་རྩལ་འགྲན་ཚོགས། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་སོགས་ཀྱི་ལས་དོན་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཏང་ཀྲི་པུའུ་སྟོབས་ཆེར་བཏང་ནས་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གིས་ལུས་རྩལ་ལ་དོ་དམ་བྱེད་པའི་འདུ་ཤེས་དེ་མི་སེམས་སུ་ཟུག་པ་དང་། གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་གསར་བརྗེ་བའི་ཉམས་པ་མེད་པའི་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པའི་ཟུངས་ཤུགས་འཕེལ་བར་བྱེད་པ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱགས་རྟགས་འབུལ་རྒྱུ་ཡིན”ཞེས་བརྗོད།