《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月02日

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན》བཀོད་ཡོད་པ་རེད།

གསུང་རྩོམ་ནང་ནན་བཤད་བྱས་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་དུ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་གདེང་ཚོད་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་བྱེད་པ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་ཤུགས་ཡོད་རྒུས་སྐྱོད་འགོ་ཚུགས་ཏེ། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས།

གསུང་རྩོམ་ནང་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་མཚམས་ཚིགས་ལ་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཅིག་སྡུད་ཐོག་སྤེལ་བ་ནི་ཧ་ཅང་དུས་ལ་བབས་ཤིང་དགོས་གལ་ཤིན་ཏུ་ཆེ། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དད་མོས་དང་དད་སེམས་བརྟན་དུ་གཏོང་བ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད།

གསུང་རྩོམ་ནང་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། གཅིག་ནས་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་ཚོར་ཤེས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་སྔར་བས་ཁོང་དུ་ཆུད་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ལ་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་བྱེད་དགོས། གསུམ་ནས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་མངོན་གསལ་དོད་པའི་རང་གཤིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱས་ཏེ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྔ་ནས་གསར་བརྗེའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ། དཀའ་སྤྱད་འབད་འཐབ་ཀྱི་ཞུམ་མེད་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། དྲུག་ནས་ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་སྔར་བས་ཆེ་རུ་བཏང་སྟེ། ཏང་ཡོངས་གོམ་སྟབས་གཅིག་མཚུངས་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

གསུང་རྩོམ་ནང་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་ཕན་འབྲས་དངོས་ཐོན་པར་བྱེད་དགོས། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། བསམ་བློའི་ཚུགས་གནས་མཐོ་རུ་གཏོང་བ་དང་། དོན་དངོས་ལ་གཞི་ཚུགས་པ། དྲང་སྲུང་གསར་གཏོད་བཅས་བྱས་ནས་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་དགོས་པ། གསུམ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་རོགས་དང་དཀའ་གནད་སེལ་རོགས་ཏན་ཏིག་བྱེད་དགོས་པ། བཞི་ནས་བྱེད་ཐབས་གསར་གཏོད་ལ་སྣང་ཆེན་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ཏེ། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་དང་། གཞི་རིམ། མི་སེམས་བཅས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས།