《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月02日

ཆེ་དགྲ་ལྷས་ལྷ་སར་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་བང་སོའི་སྐྱེད་ཚལ་འཆར་འགོད་འཛུགས་སྐྲུན་དང་། གྲང་ཕྲེང་ཟོག་འགྲེམས། རིག་གནས་ཡུལ་སྐོར་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་སྐྲུན་ཉེར་ཡོད་པའི་བང་སོའི་སྐྱེད་ཚལ་གྱི་ས་ཆ་འདེམས་ཡུལ་དུ་ཆེ་དགྲ་ལྷས་བང་སོའི་སྐྱེད་ཚལ་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱ་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་རི་ཆུ་ནགས་ཤིང་མཚེའུ་རྩྭ་བཅས་སྤྱི་འདོམས་བྱས་ནས་བང་སོའི་སྐྱེད་ཚལ་འཛུགས་སྐྲུན་འཆར་འགོད་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

བོད་ལྗོངས་ས་མཐོའི་བཟའ་བཅའ་གྲང་ཕྲེང་ལྟེ་གནས་དེ་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་བཟོ་ལས་གླིང་དུ་གནས་པ་དང་། མིག་སྔར་འཁྱགས་ཁང་སྙོམ་སྒྲིག་དང་ཚོང་འགུགས་བྱེད་བཞིན་ཡོད། ཆེ་དགྲ་ལྷས་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། འཛུགས་སྐྲུན་བཀོད་པ་དང་། ཁེ་ལས་བཅའ་ཞུགས། དོ་དམ་གཉེར་སྐྱོང་། ཟོག་འགྲེམས་མ་གནས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལག་ལེན་ཁྲོད་སྔར་བར་གསར་གཏོད་དང་འཚོལ་ཞིབ་བྱེད་པ། ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འགག་གནད་དང་དཀའ་གནད་སེལ་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བར་གྱི་ལྷུ་ཚིགས་ཉུང་དུ་གཏོང་བ། ཟོག་འགྲེམས་ཀྱི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། ཐག་རིང་ལུང་ཁུག་ས་ཁུལ། ཞིང་འབྲོག་པ་བཅས་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་དགོས། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པ། གྲང་ཕྲེང་སྡེབ་སྐྱེལ་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ནས་མི་སེར་གྱི་བཟའ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོར་ཡོད་པའི“ཞང་ཞུང་མེ་ཏོག”རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དེ་ལྷ་ས་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་25ཙམ་གྱི་སར་ཡོད། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་སྐབས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་དང་ཉེ་འཁོར་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱ་རྒྱུར་དམིགས་ཡོད། ཆེ་དགྲ་ལྷས་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་གནང་བ་དང་དེ་བཞིན་རྟ་རྩལ་ངོམ་སྟོན་བྱེད་མཁན་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད།

ཁོང་གིས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བའི་ཆེས་ཐད་ཀ་དང་ཆེས་ནུས་ལྡན་གྱི་བྱ་ཐབས་ཤིག་རེད། དེས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད། དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཉེ་འཁོར་མང་ཚོགས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པར་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་བོད་ཀྱི་ཞིང་འབྲོག་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད། (བསོད་བདེ་གཞོན་པས་བསྒྱུར། སྤེན་ཚེས་ཞུས)