《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月02日

ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱས་ཏེ་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བཀྲག་མདངས་འཚེར་བ་བྱེད་དགོས།

—— ཚད་གཞི་དང་སྤུས་ཚད་མཐོ་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ནས་བཟུང་ཀྲུང་ཧྭ་མི་རིགས་འཇིག་ཉེན་ལས་སྐྱོབ་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་སྒྱུར་བཅོས་སྒོ་དབྱེ་དང་། དེ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་བར་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཡར་ལངས་དང་ཕྱུག་པོ་ཆགས་པ་ནས་སྟོབས་འབྱོར་ལྡན་པ་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་བཟང་པོ་མངོན་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གནས་ས་དང་སྲོག་རྩའི་གནས་ས་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་པ། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པ་བཅས་ལོ་རྒྱུས་ལས་ར་འཕྲོད་གང་ལེགས་བྱུང་ཡོད། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་དང་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་གཏན་ལ་འཁེལ་བའི་གཙོ་བོ་གཅིག་ངེས་དང་ཚིག་ཐག་གཅིག་ཆོད་ཀྱི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་ཞིང་། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འབེབས་བྱས་ཚེ་གཞི་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ། རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་ཧུར་ཐག་བྱས་ནས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རབ་དང་རིམ་པ་གྲུབ་ཡོད། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་གཡོ་འགུལ་མི་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འདི་ཁོང་དུ་བརྟན་པོ་ཆུད་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་དོན་དངོས་ཆེ་ཤོས་འདིར་གཞི་བརྟན་པོ་ཚུགས་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཡང་དག་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་གཏོད་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པར་ངེས་པར་དུ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱོར་མེད་གྲལ་རིམ་གྱི་ཆབ་སྲིད་མཁས་ཅན་གྱི་མཐོ་ཚད་ཐོག་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་ཀྱི་དངོས་ཡོད་རང་བཞིན་ཐོག་མཐའ་བར་གསུམ་དུ་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ནང་བསྟན་དོན“མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཡོད་ཅིང་། དེང་གི་དུས་རབས་སུའང་སྔར་བཞིན་གསོན་ཤུགས་ཆེན་པོ་ལྡན་ཡོད། དེ་ནི་སྔར་བཞིན་ང་ཚོ་གུང་ཁྲན་ཏང་མིའི་མདུན་སྐྱོད་ལ་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་ཆེན་པོ་ཞིག་རེད”“མ་རྩའི་རིང་ལུགས་རྩ་མེད་དུ་འགྲོ་ངེས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ངེས་ཡིན་པ”ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་ཐབས་བྲལ་བའི་སྤྱིའི་འཕེལ་ཕྱོགས་ཤིག་ཡིན་ལ། ལོ་རྒྱུས་འཕེལ་རིམ་གྱི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་དང་། སྤྱི་ཚོགས་ཀྱི་རྣམ་པ་དམའ་རིམ་ནས་མཐོ་རིམ་དུ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཀྱང་ཡིན། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པར་རྒྱ་ཆེའི་ཏང་ཡོན་ཚོར་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱད་དེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོའི་སྤྱི་ཚོགས་ཀྱི་ལས་འགུལ་དང་དེའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྒྱུད་རིམ་ལྡན་པ་དང་། ཞིབ་ཅིང་ཕྲ་བ། ལོ་རྒྱུས་བཅས་ཀྱི་སྒོ་ནས་དབྱེ་ཞིབ་དང་། འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་སྒྱུར་བཀོད་བྱེད་རིང་ཆོས་ཉིད་ཟམ་མི་ཆད་པར་ཁོང་དུ་ཆུད་པ་དང་ཆོས་ཉིད་བེད་སྤྱོད་ཧུར་ཐག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པར་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་བཀོད་སྒྲིག་གསར་པ་གནང་བ་དང་བླང་བྱ་གསར་པ་བཏོན་གནང་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཕྱོགས་སྟོན་ཁ་ཕྱོགས་གཏན་འཁེལ་དང་འཐབ་འདོན་ཇུས་འདོན་གནང་བ་དང་། ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་ནས་བོད་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ། བོད་ཀྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་མང་པོ་དེ་འདྲ་སྔར་བྱུང་མྱོང་མེད་པ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་བཟོས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་གཏན་འཁེལ་བྱས་པའི་རྣམ་གྲངས་གལ་ཆེན་གྱི་ཕན་པ་ཐོབ་རྒྱ་སྔར་བྱུང་མྱོང་མེད་པ། བོད་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་གསལ་སྟོན། ཐབས་ཤེས་སློབ་པ་བཅས་གནད་སྨིན་ཐུབ་ཚད་སྔར་བྱུང་མྱོང་མེད་པ། བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོར་ཐུགས་ཁུར་ཟབ་མོ་གནང་བ་སྔར་བྱུང་མྱོང་མེད་པ། ང་ཚོར་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་རོགས་གནང་ཡོད། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། དེའི་ཁྲོད་ནས་བསམ་ཕྱོགས་འཚོལ་བ་དང་། ཐབས་ཤེས་འཚོལ་བ། རྒྱུ་རྐྱེན་འཚོལ་བ་བཅས་ཀྱི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་དང་མཐའ་སྐྱོང་བོད་བརྟན་གྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས། (རིག་རྡོར་གྱིས་བསྒྱུར། རིག་རྡོར་དང་ཚེ་ཁོས་ཞུས)