《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

འདི་ལོ་ནས་བཟུང་བོད་ཀྱི་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་ཡིག་རྒྱུགས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་འབྲིང་རྒྱུགས་ཀྱི་ཚབ་བྱ་རྒྱུ་ཡིན་པ།

སློབ་ཐོན་དང་སློབ་རིམ་འཕར་བའི“རྒྱུགས་གཉིས་ཟླ་སྒྲིལ”བཏང་ནས་ཡིག་རྒྱུགས་ཀྱི་སྦྱངས་འབྲས་དེ་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ཡིག་རྒྱུགས་ཀྱི་སློབ་བསྡུའི་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོའི་ཡིག་རྒྱུགས་དྲང་སྙོམས་དྲང་བཞག་ལ་སྲུང་སྐྱོང་བྱས་ཏེ་དམའ་འབྲིང་གི་ཡིག་རྒྱུགས་སྤུས་ཚད་འགན་ལེན་བྱ་ཆེད། 2021ལོ་ནས་བཟུང་རང་ལྗོངས་ཀྱི་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་ཡིག་རྒྱུགས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་འབྲིང་རྒྱུགས་ཀྱི་ཚབ་བྱས་ཏེ་སློབ་ཐོན་དང་སློབ་རིམ་འཕར་བའི“ཡིག་རྒྱུགས་གཉིས་ཟླ་སྒྲིལ”གཏོང་རྒྱུ་མ་ཟད། ཡིག་རྒྱུགས་གཅིག་གིས་གོ་ཆོད་པར་བྱས་ཏེ་ཡིག་རྒྱུགས་ཀྱི་སྦྱངས་འབྲས་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི(ནང་སའི་བོད་ལྗོངས་མཐོ་འབྲིང་གི་འཛིན་གྲྭ་དང་སློབ་གྲྭ་དང་། ལྗོངས་ནང་ཁུལ་གྱི་མཐོ་འབྲིང་དཀྱུས་མ། ལྗོངས་ཕྱི་ནང་གི་འབྲིང་རིམ་ལས་རིགས་སློབ་གྲྭ། ལྗོངས་ནང་ཁུལ་གྱི་དར་མའི་འབྲིང་རིམ་ཆེད་ཚན་སློབ་གྲྭ། དེ་བཞིན་བོད་ནས་སློབ་མ་བསྡུས་པའི་སློབ་གྲྭ་གཞན་དག)སློབ་བསྡུའི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

《བོད་རང་སྐྱོང་ལྗོངས་ཀྱི་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་ཀྱི་ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་ཡིག་རྒྱུགས་ཁོངས་སུ་རྒྱལ་ཁབ་ཀྱི《འོས་འགན་སློབ་གསོའི་སློབ་ཚན་བཀོད་སྒྲིག་གི་ཇུས་གཞི》དང་རང་སྐྱོང་ལྗོངས་ཀྱི《འོས་འགན་སློབ་གསོའི་སློབ་ཚན་བཀོད་སྒྲིག་གི་ཇུས་གཞི(2018ལོར་བཟོ་བཅོས་བྱས་པ)》ནང་གཏན་འཁེལ་བྱས་པའི་སློབ་ཚན་ཚང་མ་དང་། ལོ་རིམ་དགུ་པའི་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནི་རྒྱ་ཡིག་དང་། བོད་སྐད་ཡིག རྩིས་རིག དབྱིན་ཡིག ཀུན་སྤྱོད་དང་ཁྲིམས་སྐྱོང་། ལོ་རྒྱུས། དངོས་ཁམས(ཚོད་ལྟའི་བཀོལ་སྤྱོད་ཚུད་པ) རྫས་འགྱུར(ཚོད་ལྟའི་བཀོལ་སྤྱོད་ཚུད་པ)བཅས་དང་། ལོ་རིམ་བརྒྱད་པའི་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་ཡིག་རྒྱུགས་ནི་ས་ཁམས་དང་། སྐྱེ་དངོས(ཚོད་ལྟའི་བཀོལ་སྤྱོད་ཚུད་པ)ཡིན། དེ་དང་ཆབས་ཅིག་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་བྱང་ཚད་སློབ་གསོར་སྐུལ་འདེད་བཏང་སྟེ་སློབ་མའི་ལག་ལེན་གྱི་འཇོན་ཐང་དང་གསར་གཏོད་ནུས་པ་གསོ་སྐྱོང་བྱ་ཆེད། 《མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》གཞིར་བཟུང་། ལུས་རྩལ་དང་བདེ་ཐང་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་ཡིག་རྒྱུགས་ནང་འཇུག་རྒྱུ་མ་ཟད། དེའི་སྐར་གྲངས་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་བསྡུའི་སྤྱིའི་སྐར་གྲངས་ནང་འཇུག་རྒྱུ་ཡིན་པ་རེད།

ཟླ་3ཚེས་29ཉིན་ནས་ཟླ་4ཚེས་20ཉིན་བར་ཆ་རྐྱེན་འཛོམས་པའི་སློབ་མས་བོད་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་གཙོ་ཆེའི་དྲ་ཚུགས(http://zsks.eduxizang.gov.cn)སམ་ཡང་ན་བོད་རང་སྐྱོང་ལྗོངས་ཀྱི་སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་དང་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་ཆ་འཕྲིན་གྱི་དོ་དམ་མ་ལག(http://xk.zsks.edu.xizang.gov.cn:8082)ཐོ་འཇུག་བྱས་ནས་མིང་ཐོ་འགོད་ཆོག་པ་མ་ཟད། ཡིག་རྒྱུགས་ཀྱི་འབྲེལ་ཡོད་ཆ་འཕྲིན་བློ་འདྲི་བྱེད་ཆོག 2020ལོར་མིང་ཐོ་བདེ་བླག་བཀོད་ཟིན་པའི་ལོ་རིམ་དགུ་པའི་སློབ་མས་མིང་ཐོ་བསྐྱར་དུ་འགོད་དགོས་མེད། འོན་ཀྱང་ཡིག་རྒྱུགས་ཀྱི་ཚན་པ་རེ་ཞུ་དང་ཆབས་ཅིག་འབྲེལ་ཡོད་ཀྱི་འགྲོ་གྲོན་ངེས་པར་དུ་འཇལ་དགོས། གལ་ཏེ་རྒྱུགས་ཁོངས(རྒྱུགས་ཁུལ)ལ་འགྱུར་ལྡོག་ཕྱིན་ཚེ་ངེས་པར་དུ་ཟླ་3ཚེས་31ཉིན་གོང《བོད་རང་སྐྱོང་ལྗོངས་ཀྱི་སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་དང་ཕྱོགས་བསྡུས་བྱང་ཚད་ཀྱི་གདེང་འཇོག་ཆ་འཕྲིན་དོ་དམ་མ་ལག》གི“རྒྱུགས་ཁོངས(རྒྱུགས་ཁུལ)འགྱུར་ལྡོག”ཅེས་པའི་དྲ་ངོས་ནང་འཛུལ་ནས་བཟོ་བཅོས་རྒྱག་དགོས་པ་དང་། ལོ་རིམ་དགུ་པའི་སློབ་མས་2020ལོར་ལོ་རིམ་བརྒྱད་པའི་ས་ཁམས་དང་སྐྱེ་དངོས(ཚོད་ལྟའི་བཀོལ་སྤྱོད་ཚུད་པ)ཀྱི་ཡིག་རྒྱུགས་ནང་ཞུགས་མེད་ཚེ་ངེས་པར་དུ་འདི་ལོ་མིང་ཐོ་འགོད་དགོས་པ་མ་ཟད། ཚན་པ་དེའི་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་། ལོ་རིམ་དགུ་པའི་སློབ་མས་ས་ཁམས་དང་སྐྱེ་དངོས(ཚོད་ལྟའི་བཀོལ་སྤྱོད་ཚུད་པའི)ཀྱི་ཡིག་རྒྱུགས་བཏང་ཟིན་ཚེ་དེ་མཚུངས་ཀྱི་ཡིག་ཚད་བསྐྱར་དུ་གཏོང་དགོས་མེད། གལ་ཏེ་བསྐྱར་དུ་མིང་ཐོ་བཀོད་ཚེ་སྦྱངས་འབྲས་གོ་ཆོད་ཀྱི་མེད།

བོད་དུ་ཡོད་པའི་ལས་བྱེད་ལས་བཟོའི་བུ་ཕྲུག་གིས་ལྗོངས་ཕྱིར་སློབ་སྦྱོང་བྱས་ནས་ལྗོངས་ནང་ཁུལ་དུ་ལོག་སྟེ་རང་ལྗོངས་ཀྱི་མཐོ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི(ནང་སའི་བོད་ལྗོངས་མཐོ་འབྲིང་གི་འཛིན་གྲྭ་དང་སློབ་གྲྭ་ཚུད་པ)སློབ་བསྡུའི་ནང་ཞུགས་མཁན་གྱི་སློབ་མ་ཡིན་ཚེ་ངེས་པར་དུ་དམའ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་དེའི་སྦྱངས་འབྲས་སློབ་བསྡུའི་གཞི་འཛིན་སར་བརྩི་རྒྱུ་རེད།