《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ཚེ་འདིར་བཀའ་དྲིན་ཆེ་ཤོས་ནི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།

ཡར་ལངས་ཞིང་བྲན་གྱི་འཐུས་མི། རྡོ་རྗེ།

ངའི་མིང་ལ་རྡོ་རྗེ་ཟེར། ད་ལོ་ལོ་75ཡིན་ཞིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་མི་ཡིན། ཡར་ལངས་ཞིང་བྲན་གྱི་ཚབ་བྱས་ནས་དེ་རིང་གི་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུ་བྱུང་བར་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་གཟི་བརྗིད་ཀྱི་མྱོང་ཚོར་ཡང་ཟབ་མོ་བྱུང་།

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བའི་མཚམས་འདིར། ང་རང་མི་ལུས་ཀྱི་རང་དབང་གང་ཡང་མེད་པའི་ཞིང་བྲན་ཞིག་ནས་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་བ་དང་ད་ཆའི་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་བའི་བར་གྱི་བྱ་བ་ཆུང་ཙག་ཚང་མ་ངའི་དྲན་པའི་ངོས་སུ་གསལ་པོར་ངེས་ཀྱི་འདུག ཚེ་འདིར་རང་ཉིད་ལ་བཀའ་དྲིན་ཆེ་ཤོས་ནི་ཏང་གི་འགོ་ཁྲིད་དང་། ལོངས་སྤྱོད་བྱེད་མང་ཤོས་ནི་འཛུམ་མདངས། གོ་བ་ལོན་ཟབ་ཤོས་ནི་བདེ་སྐྱིད་བཅས་ཡིན།

བོད་རྙིང་པར་ང་ཚོའི་ནང་མི་ཚང་མ་ཞིང་བྲན་ཡིན། ནང་མི་བཞི་པོ་བ་ཚང་ནང་བསྡད་ནས་ཉིན་ལྟར་འཚོ་ཐབས་ཆེད་དཀའ་སྡུག་ཚད་མེད་མྱོང་དགོས་ཀྱི་ཡོད། ང་རང་ཆུང་དུས་ནས་ཞིང་བྲན་བདག་པོའི་ཕྱུགས་རྫི་བྱས་ནས་ཉིན་ལྟར་རྩམ་པ་ནག་པོ་ཕྲན་ཙམ་གྱིས་འཚོ་ཐབས་བྱེད་ཀྱི་ཡོད། བཀྲེས་ལྟོགས་ཀྱིས་ཚད་མེད་མནར་བའི་སྐབས་སུ་ཆུ་བཏུངས་ནས་སེལ་ཐབས་བྱེད་ཀྱི་ཡོད། ངའི་བྱིས་དུས་ཀྱི་དྲན་འཆར་ནང་བཀྲེས་ལྟོགས་ནི་རྒྱུན་གཏན་ཞིག་ཡིན་ལ། གྱོན་གོས་ཆ་ཚང་བ་ཞིག་གཏན་ནས་གྱོན་མྱོང་མེད། ན་བའི་སྐབས་སུ་སྡུག་རུས་བྱས་ནས་སྡོད་དགོས་པ་མ་ཟད། ད་དུང་རྟག་ཏུ་ཞིང་བྲན་བདག་པོའི་ཉེས་རྡུང་དང་ཁ་རྡུང་དྲག་པོ་གཟེད་དགོས་ཀྱི་ཡོད། སྐབས་དེ་དུས་ང་ཚོའི་ཚེ་སྲོག་ལ་དུད་འགྲོའི་མཐོང་ཡང་མེད།

1951ལོར་བཅིངས་འགྲོལ་དམག་ངའི་ཕ་ཡུལ་དུ་སླེབས། ལོ་ན་ཕྲ་བའི་ངས་དམར་མདངས་བཀྲ་བའི་ཟུར་ལྔའི་སྐར་མར་ལྟ་བཞིན་དུ། ཞི་དུལ་བབ་ཆགས་ཤིང་དམངས་ལ་བསུན་པོ་མི་བཟོ་བ། དམངས་ལ་བརྙས་བཅོས་མི་བྱེད་པ་མ་ཟད། ད་དུང་མི་སེར་ཚོར་ནད་ལྟ་བ་དང་བྱ་བ་བཟང་པོ་སྒྲུབ་མཁན་གྱི་མི་ཚོགས་ཤིག་ཐེངས་དང་པོ་མཐོང་བྱུང་། དུས་དེ་ནས་བཟུང་ང་རང་གིས་བཅིངས་འགྲོལ་དམག་ངོ་ཤེས་བྱུང་ལ། ཁོང་ཚོ་བརྒྱུད་གུང་ཁྲན་ཏང་ལའང་རྒྱུས་མངའ་ལོན་བྱུང་།

1959ལོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་རྙིང་རུལ་དང་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་པས། ཞིང་བྲན་བདག་པོས་ཚོང་ཟོག་ལྟར་ཉོ་ཚོང་དང་། བརྒྱུད་བཤུག བརྗེ་རེས། གཏའ་འཇོག་བཅས་བྱེད་པའི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་དངོས་འབྲེལ་མི་ལུས་རང་དབང་ཐོབ་ཡོད། ང་ཚོའི་ཁྱིམ་ལའང་ཁང་པ་དང་། ས་ཞིང་། ནོར་ལུག་བཅས་བགོ་བཤའ་རག་པ་དང་ནང་མི་ཚང་མར་གཞི་ནས་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་བྱུང་། ལོ་དེར་ང་ཚོའི་ནང་མི་ཚང་མས་དགའ་ཚོར་ཆེན་པོས་གླུ་ལེན་གར་འཁྲབ་བྱས་པ་དང་སྐབས་དེ་ནས་བཟུང་བདེ་སྐྱིད་ལྡན་པའི་འཛུམ་མདངས་ངའི་མི་ཚེའི་འཚར་ལོངས་དང་མཉམ་དུ་འགྲོགས། སྤྱི་ཚོགས་གསར་པར་སླེབས་སྐབས་ལོ་13ལ་སླེབས་པའི་ང་རང་སློབ་གྲྭར་བསྐྱོད་དེ་ཡིག་རྨོངས་སེལ་བའི་འཛིན་གྲྭར་ཞུགས་པས། ཤེས་བྱ་རིག་གནས་སྦྱོང་རྒྱུ་བྱུང་བ་མ་ཟད། ད་དུང་ཤང་ནང་བསྡོམས་རྩིས་ལས་དོན་བསྒྲུབ་པར་ཡང་བཀོད་སྒྲིག་བྱས་བྱུང་། དེས་མ་ཟད་ཏང་ནང་ཞུགས་ཏེ་དེ་སྔ་རྨི་ལམ་དུའང་གཏོང་མི་ཕོད་པའི་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་བྱུང་།

ལོ་62ཀྱི་རིང་གཞན་གྱིས་བྲན་དུ་བཀོལ་བའི་ལས་དབང་ལས་ཐར་བའི་ང་དང་ཡུལ་མི་ཚོའི་འཚོ་བ་ལྟོས་གྲོད་པ་རྒྱགས་པ་ནས་ཡོང་འབབ་མང་དུ་སོང་བ་དང་དེ་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་བཅས་ཚང་མ་ཏང་དང་། རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་བཅས་ལས་བྱུང་བ་ཡིན་ལ། ང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཀྱང་ཡིན། ད་ཆ་ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཚང་མ་ཡངས་ཤིང་རྒྱ་ཆེ་བའི་སྡོད་ཁང་གསར་པའི་ནང་སྤོས་པ་དང་། དུད་ཚང་ཚང་མར་རང་བྱུང་སོལ་རླངས་དང་རང་འབབ་ཆུ་ཀ་ལ་ཡོད་པ། ཚང་མར་ལག་ཐོགས་ཁ་པར་ཡོད་པ་མ་ཟད། ད་དུང་ཁག་གཅིག་གིས་རླངས་འཁོར་ཡང་ཉོས་ཡོད། སྣུམ་ནག་ལམ་ཁྱིམ་གྱི་སྒོ་རྩའི་བར་བཏིང་བ་དང་། གྲོང་ཚོའི་བཀོད་པ་གཙང་ཞིང་གྲལ་སྒྲིག་པ། ཕྲུ་གུ་སློབ་གྲྭར་སྐྱོད་སྐབས“འགན་ལེན་གསུམ”ཡོད་པ། ནད་གཞི་བསྟེན་སྐབས་ཚང་མར་སྨན་བཅོས་འགན་བཅོལ་ཡོད་པ། མི་མི་རེ་ངོ་རེར་སྤྱི་ཚོགས་འགན་སྲུང་གཱ་ཡང་ཡོད། ང་དང་བཟའ་ཟླར་རྒན་ཡོལ་གྱི་དངུལ་ཡོད་པ་མ་ཟད། ད་དུང་ལོ་ལྟར་ཁ་གསབ་སྣ་ཚོགས་སྒོར་6000ལྷག་ཙམ་ཡང་ལེན་རྒྱུ་ཡོད། ན་ནིང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་ངའི་ཁྱིམ་ལ་བགོ་འགྲེམས་སྒོར་16000ལྷག་ཙམ་བྱུང་བ་མ་ཟད། གྲོང་ལྷན་གྱིས་ལོ་ལྟར་ང་ལ་འཚམས་འདྲི་བྱེད་པར་ཡོང་གི་འདུག་པས། འཚོ་བ་ལོ་རེ་ལས་མ་འདས་པར་ཇེ་ལེགས་སུ་ཕྱིན་སོང་།

ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་བཞིན་ཏང་གི་དྲིན་ཚོར་བ་བྱེད་དགོས། ང་རང་ཕྱུགས་འཚོ་མཁན་གྱི་ཞིང་བྲན་ཞིག་ནས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད་མཁན་གྱི་གྲོང་ཚོའི་ལས་བྱེད་པ་ཞིག་ཏུ་གྱུར། གལ་སྲིད་ཏང་མེད་ན་ངའི་ད་ཆ་ཡོད་མི་སྲིད། ཏང་མེད་ན་རྒྱ་ཆེའི་ཞིང་བྲན་ཡར་ལངས་བདག་པོར་གྱུར་པའི་ད་ཆ་ཡང་ཡོང་མི་སྲིད། ངས་འདིར་སྤོབས་པ་ཆེན་པོས་བརྗོད་འོས་པ་ཞིག་ལ“གུང་ཁྲན་ཏང་གི་རྗེས་སུ་འབྲངས་པ་ནི་ངས་ཚེ་འདིར་བྱས་པའི་བྱ་བ་ཡག་ཤོས་དེ་ཡིན། གུང་ཁྲན་ཏང་ཡོན་ཞིག་ཏུ་གྱུར་པ་ནི་ངའི་སྤོབས་པ་ཆེ་ཤོས་དེ་ཡིན། ད་ཆ་ང་རང་ལོ་ན་རྒས་ནས་རྒན་ཡོལ་ཞུས་རུང་། གྲོང་ཚོའི་འཛུགས་སྐྲུན་ཆེད་རང་ཉིད་ཀྱིས་སྔར་བཞིན་སྟོབས་ཤུགས་བཏོན་ནས་བླ་ན་མེད་པའི་ས་ཆ་ཡག་པོ་བསྲུངས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་འདོད་ཡོད”