《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲོང་ཡན་གྱིས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་གཙོ་སྐྱོང་གནང་བ་རེད།

ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་ཡར་ལངས་བཅིངས་འགྲོལ་བྱ་གཞག་གི་ཆེད་དུ་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་མཁན་སྔོན་གཤེགས་དཔའ་བོ་རྣམ་པར་རྗེས་དྲན་ཞུས་པ་དང་།

(པར་ངོས་དྲུག་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་གི་ཆེད་འབད་འཐབ་ལྷོད་མེད་གནང་མཁན་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས་པ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐུགས་ཁུར་དང་། དགའ་ཞེན། རྒྱབ་སྐྱོར་བཅས་གནང་མཁན་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཀྲོང་ཡན་གྱིས་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་གསོན་ཉམས་ལྡན་པའི་དཔེར་བརྗོད་ལ་བརྟེན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཕྱིར་དྲན་གནང་བ་རེད།

ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཚོན་རྟགས་སུ་བྱས་ནས། བོད་ཀྱིས་སྔར་བྱུང་མྱོང་མེད་པ་དང་ཐོབ་པར་དཀའ་བའི་གོ་སྐབས་ཧ་ཅང་ཡག་པོ་བསུས་ཡོད་པས། ལྗོངས་ཡོངས་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་ལས་དོན་ཁག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཐོག“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས། ནུས་ཤུགས་ཡོད་རྒུས“དོན་ཆེན་བཞི”དམ་འཛིན་དང“འགན་ལེན་བཞི”མངོན་འགྱུར་ཐུབ་པར་བྱེད་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་གནང་རྒྱུར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་བརྒྱབ་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་སྲ་བརྟན་ཡོང་བའི་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ནས་མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་སྒྲུབ་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་བརྒྱབ་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་རྒྱུའི་འགན་ལེན་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས།

བཞུགས་མོལ་ཚོགས་འདུའི་ཐོག ཡར་ལངས་ཞིང་བྲན་གྱི་འཐུས་མི་རྡོ་རྗེ་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་སྐལ་བཟང་དབང་ཕྱུག་དང་། ཝང་ཙི་ཐུང་། བྱང་ངོས་པ་ཚེ་གཡང་། དཔལ་ལྡན་དཔའ་བོ་བཅས་ཀྱིས་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་བོད་རྙིང་པའི་མུན་ནག་གདུག་རྩུབ་དང་རུལ་སུངས་ཉམས་དམས་ལ་དགག་རྒྱག་གཏིང་ཟབ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་ཆབས་ཅིག སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་དང་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་ཕུལ་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་གང་ལེགས་མཚོན་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཕན་ཐོགས་ཀྱིས་ཞུས)