《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བོད་ཀྱི་ལེའུ་རྩོམ་དགོས།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་གསར་རྩོམ་རང་བཞིན་གྱི་ཆོད་སྡོམ་གལ་ཆེན་ཞིག་ཡིན་ཞིང་། དེས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གནས་ཚད་གསར་པ་བཏོད་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་ནི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་ཞིག་ཡིན་ལ། བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཀྱང་ཡིན”ཞེས་དང“བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་ཀྱི་འཕེལ་ཕྱོགས་དང་འབྱུང་འགྱུར་མཐོང་བ་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པར་ངོས་འཛིན་གཏིང་ཟབ་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་ཡོད།

ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་སྤྱི་ཡོངས་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས”ཞེས་སླར་ཡང་ནན་བཤད་གནང་ཡོད། “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཐོག་ལངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་གི་ཡུན་རིང་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གཏན་ཚིགས་ཀྱི་འགོ་རྩོམ་ས་དེ“མི་རིགས་ཁག་གིས་ཐུན་མོང་ཐོག་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་སྐྲུན་དགོས”ཞེས་པ་ནས་བཙུགས་པ་དང་གཏན་ཚིགས་ཀྱི་མཇུག་བསྡུ་ས་དེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས”ཞེས་པ་ནས་བསྡུས་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ངེས་པར་དུ་ལོ་རྒྱུས་མ་བརྗེད་པར་མུ་མཐུད་འབད་འཐབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བོད་ཀྱི་ལེའུ་ཡག་པོ་བརྩམས་ནས་འཐབ་ཇུས་ཀྱི་ལས་འགན་དེ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས།(པར་ངོས་བདུན་པར་གཟིགས)

(པར་ངོས་དང་པོར་མཐུད)

གཅིག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲག་རྒྱུན་ནང་འདྲེས་པ།

ལོ་རྒྱུས་རིག་པ་དང་། མིའི་རིགས་རིག་པ། སྐད་བརྡ་རིག་པ། སྐྱེ་དངོས་རིག་པ་བཅས་ཀྱི་ཞིབ་འཇུག་ལས། རྒྱ་བོད་སོགས་མི་རིགས་ཀྱི་མེས་པོ་དང་འབྱུང་ཁུངས་གཅིག་མཚུངས་ཡིན་པ་དང་། བོད་དང་མེས་རྒྱལ་ནང་ས་དང་བོད་རིགས་དང་རྒྱ་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པར་ར་འཕྲོད་ཡོད། གནའ་རྫས་རྟོག་ཞིབ་ལས། ཆབ་མདོ་ཁ་རུབ་ཆུས་གནའ་ཤུལ་དང་། ལྷ་སའི་ཆུ་གོང་གནའ་ཤུལ། བོད་བྱང་ཐང་གི་རྡོ་ཆས་འཇམ་རིགས་ཀྱི་གནའ་ཤུལ་བཅས་ནི་དུས་སྐབས་གཅིག་པའི་འབྲི་ཆུ་དང་རྨ་ཆུ་རྒྱུག་ཁུལ་གྱི་རིག་གནས་གནའ་ཤུལ་དབར་རྒྱ་ཆེ་ལ་གཏིང་ཟབ་པའི་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཡོད། སྐད་བརྡ་རིག་པའི་ཞིབ་འཇུག་ལས། སྔ་དུས་ཀྱི་རྒྱ་སྐད་དང་གནའ་བོའི་བོད་སྐད་ལ་འབྱུང་སྐྱེད་རིག་པའི་འབྲེལ་བ་ཡོད་པར་ར་འཕྲོད་ཡོད། གཟུགས་གཞི་མིའི་རིགས་རིག་པའི་ཞིབ་འཇུག་ལས། བོད་རིགས་ནི་རང་རྒྱལ་གྱི་མི་འབོར་ཕལ་ཆེ་བ་དང་འདྲ་བར་སོག་པོའི་མི་རྒྱུད་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་མའི་མི་རྒྱུད་ཁོངས་སུ་གཏོགས་ཤིང་། ཚང་མ་པེ་ཅིང་ཀྲོའུ་ཁའུ་ཏེན་གྱི་རི་རྩེའི་བྲག་ཕུག་གི་མི་ཚབ་མཚོན་དུ་བྱས་པའི་ཀྲུང་གོའི་བྱང་རྒྱུད་ཀྱི་དུས་ཕྱིའི་མཛངས་མི་ལས་འཕེལ་བར་ར་འཕྲོད་ཡོད། ཀྲུང་ཕྱིའི་མཁས་དབང་གི་DNAརྣམ་གྲངས་ཀྱི་ཞིབ་འཇུག་ལས། རྒྱ་རིགས་དང་བོད་རིགས་ཀྱི་མི་ཚོགས་ལ་གཅིག་མཚུངས་ཀྱི་གཞི་རྒྱུའི་རིགས་སྣ་ཡོད་ལ། གཅིག་མཚུངས་ཀྱི་ཁྲག་རྒྱུན་ཡང་ཡོད་པར་ར་འཕྲོད་ཡོད།

ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་འབོར་ཆེན་ནང་གནའ་བོའི་ཆའང་མི་དང་རྒྱ་བོད་ཀྱི་མེས་པོའི་ཁྲག་རྒྱུན་འདྲེས་པའི་སྐོར་འཁོད་ཡོད། གནའ་བོའི་ཚད་ལྡན་ཡིག་ཆའི་ནང་འཁོད་པ་ལྟར་ན། ཆའང་ནི་ཁྲུན་ཆིའུ་ཀྲན་གོའི་དུས་རབས་སུ་རང་རྒྱལ་གྱི་ནུབ་རྒྱུད་དུ་འཚོ་སྡོད་བྱེད་མཁན་མི་ཚོགས་ལ་འབོད་པའི་སྤྱི་མིང་ཞིག་རེད། ཀྲུང་གོའི་ཤེས་དཔལ་ཆགས་པའི་བརྒྱུད་རིམ་ནང་གནའ་བོའི་ཆའང་ནི་རྒྱ་མི་རིགས་ཀྱི་འབྱུང་ཁུངས་གལ་ཆེན་གྲས་ཤིག་ཡིན་པ་དང། 《ལོ་རྒྱུས་དེབ་ཐེར》ནང“ཡུས་རྒྱལ་པོ་ཆའང་ནུབ་ཏུ་དར”ཞེས་འཁོད་ཡོད།

སྤྱི་ལོའི་གོང་གི་དུས་རབས་བདུན་པ་ནས་བཟུང་། ཆིན་རྒྱལ་རབས་རིམ་གྱིས་མངའ་ཐང་སྟོབས་འབྱོར་རྒྱས་ནས་ཆའང་རྒྱལ་ཕྲན་ལ་དམག་དྲངས་ཏེ་ནུབ་ཕྱོགས་སུ་རྒྱ་སྐྱེད་བྱས། ལོ་རྒྱུས་དེབ་ཐེར་ནང་ཆིན་མུའུ་ཀུང་གིས“མངའ་ཁོངས་ལྡབ་བཅུ་གཉིས་བསྐྱེད། ལེ་དབར་སྟོང་གི་ས་ཆ་བཟུང་། ནུབ་རོང་ས་ཁུལ་དབང་དུ་འདུས”ཞེས་འཁོད་ཡོད། དུས་རབས་གསུམ་ལྷག་ཙམ་གཡུལ་འགྱེད་རྗེས། ཆའང་རིགས་ཀྱི་ཚོ་པ་ཁག་གཅིག་ཆིན་རྒྱལ་ཁབ་ཀྱིས་དབང་དུ་བཙུད་པ་དང་ཚོ་པ་ཁག་གཅིག་ནུབ་རྒྱུད་དུ་བྲོས་ཏེ་གྲངས་ཉུང་མི་རིགས་ཁག་དང་འདྲེས་པ་དང་། ཚོ་པ་གཞན་ཧན་རྒྱལ་རབས་ནུབ་མ་དང་ཤར་མའི་ལོ་ངོ་400ཡི་རིང་ཀྲུང་ཡོན་ས་ཁུལ་དུ་ཐེངས་དྲུག་གནས་སྤོས་ཏེ་ཀྲུང་ཡོན་ས་ཆ་ཁག་ཏུ་རིམ་གྱིས་གཞིས་ཆགས་ཡོད།

ཁྲུན་ཆིའུ་ཀྲན་གོའི་དུས་རབས་སུ་ཆའང་རིགས་ཀྱི་གནའ་མི་ནུབ་ཕྱོགས་ནས་མཚོ་བོད་ས་མཐོའི་ས་ཆ་ཁག་ཏུ་གནས་སྤོས་པས་ཚོ་པ་མང་དག་ཅིག་གྲུབ་ཡོད། ལྷག་པར་དུ་ཧན་རྒྱལ་རབས་ཤར་མའི་དུས་སུ་ཧན་དང་ཆའང་དབར་དམག་འཁྲུག་དང་། ཚོང་དོན། གཉེན་སྒྲིག་བཅས་བྱས་པ་བརྒྱུད། གཙང་པོའི་རྒྱུད་ཀྱི་རྒྱ་རིགས་དང་ཆའང་རིགས་ཀྱི་ཁྲག་རྒྱུན་འདྲེས་པའི་ཆའང་རིགས་ཀྱི་ཚོ་པ་འབོར་ཆེན་མཚོ་སྔོན་དང་། སི་ཁྲོན། ཡུན་ནན་བཅས་ནས་བོད་ཀྱི་ས་གནས་ཁག་ཏུ་བསྐྱོད། སྐུ་ཞབས་ཧྥན་ཝུན་ལན་གྱིས《ཀྲུང་གོའི་ལོ་རྒྱུས་ཀུན་བཏུས》ནང“ཆའང་རིགས་ཁག་གཅིག་མཚོ་སྔོན་ནས་བོད་དུ་རིམ་གྱིས་བསྐྱོད་པ་དང་། ཁག་གཅིག་སི་ཁྲོན་གྱི་མཐའ་མཚམས་ཕྱི་ནང་དུ་སྤོས་ནས་རིམ་གྱིས་བོད་དུ་བསྐྱོད་པས། ཡངས་ཤིང་ལམ་ཐག་རིང་བའི་ཀྲུང་གོའི་ནུབ་རྒྱུད་དེ་ནས་བཟུང་རིམ་གྱིས་གསར་སྤེལ་བྱུང་ཡོད”ཅེས་འཁོད་ཡོད། སྤྱི་ལོའི་དུས་རབས་བདུན་པ་བར་སྲོང་བཙན་སྒམ་པོས་ཐུ་བྷོད་ཀྱི་ཚོ་པ་ཁག་དང་ཆའང་རིགས་ཀྱི་ཚོ་པ་ཁག་དབང་དུ་འདུས་ནས་ཐུ་བྷོད་རྒྱལ་རབས་བཙུགས་པ་བརྒྱུད་མཚོ་བོད་ས་མཐོའི་ཐོག་གི་སུམ་པ་དང་། ཞང་ཞུང་། མི་ཉག པེ་ལན་སོགས་ཚོ་པ་མཉམ་འདྲེས་ཐུབ་པ་བྱུང་ཡོད། རྒྱ་བོད་མི་རིགས་དབར་གྱི་ཁྲག་རྒྱུན་དང་རིག་གནས་རྒྱུན་འཛིན་ཐད་ཆའང་རིགས་ཀྱི་གྲུབ་ཆ་མང་པོ་བསྡུ་ལེན་བྱས་ཡོད།

སྤྱི་ལོ་641ལོར་རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་སྐབས། ཤཱཀྱ་མུ་ནེའི་སྐུ་བརྙན་དང་། དཔེ་ཆ། དགོན་པ་བཞེངས་པའི་བཟོ་རིག འདུལ་ཁྲིམས་སོགས་ནང་བསྟན་རིག་གནས་བསྣམས་ཡོད་ལ། ཐོན་སྐྱེད་ལག་ཆ་དང་། གསོ་བ་རིག་པ། གནམ་རིག་སྐར་རྩིས། རུའུ་ལུགས་ཀྱི་དཔེ་གཞུང་སོགས་ཀྲུང་ཡོན་རིག་གནས་ཀྱང་བསྣམས་ཡོད། རྒྱ་བཟའ་ཀོང་ཇོ་དང་མཉམ་དུ་ཡོད་པའི་ཞལ་ཏ་མ་དང་ལག་ཤེས་པ་བོད་དུ་གཞིས་ཆགས་ནས་བོད་རིགས་དང་མཉམ་འདྲེས་བྱས་ཡོད། བཀའ་ཆེམས་ཀ་ཁོལ་མར། མགར་སྟོང་བཙན་གྱི་ཞབས་ཕྱིར་ཐུ་བྷོད་དུ་སྐྱོད་མཁན་ཐང་རྒྱལ་རབས་ཀྱི་སྐུ་སྲུང་བའང་ཐུ་བྷོད་དུ་གཞིས་ཆགས་ནས་བུ་རྒྱུད་སྤེལ་ཡོད་ཅེས་འཁོད་ཡོད། ཐང་བོད་དབར་ཕོ་ཉ་འགྲོ་འོང་བྱས་ནས་ལོ་ངོ་200ལྷག་ཙམ་རིང་ཕན་ཚུན་འགྲོ་འོང་ཐེངས་290ལྷག་ཙམ་བྱས་པ་དང་ཆ་སྙོམས་ཟླ་རེར་ཕོ་ཉ་ཐེངས་རེ་འགྲོ་འོང་བྱས་ཡོད། སྐྱིད་གྲོང་རྫོང་གི“ཐང་གི་ཕོ་ཉ་རྒྱ་གར་དུ་བསྐྱོད་པའི་ཟིན་ཐོ”ཞེས་པ་ལས་ཐང་རྒྱལ་རབས་ཀྱི་ཕོ་ཉ་ཐུ་བྷོད་བརྒྱུད་རྒྱ་གར་དུ་བསྐྱོད་པའི་སྐོར་གསལ་བཤད་བྱས་ཡོད། དུས་སྐབས་དེའི་སྐབས་སུ། ཐང་མི་འབོར་ཆེན་ཐུ་བྷོད་དུ་བསླེབས་པ་དང་། ཡང་ཐུ་བྷོད་བ་མང་པོ་ཀྲུང་ཡོན་ས་ཁུལ་དུ་བསྐྱོད་པ་དེས། རྒྱ་བོད་མི་རིགས་མཉམ་འདྲེས་ཆེན་པོར་སྐུལ་མ་ཡང་ཡང་ཐེབས་ཡོད། ལྷག་པར་དུ་སྤྱི་ལོ་755ལོའི“ཨན་ཧྲེའི་དུས་ཟིང”རྗེས་སུ་རྨ་ནུབ་དང་ལུང་གཡས་ཀྱི་ཐང་རྒྱལ་རབས་ཀྱི་འབངས་མི་སེར་ཁྲི་བཅུ་གྲངས་ཐུ་བྷོད་དང་མཉམ་འདྲེས་བྱུང་ཡོད། སུང་ཡོན་མིང་ཆིང་བཅས་ནས་མིང་གོའི་དུས་རབས་བར་རྒྱ་བོད་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མཚམས་ཆད་མྱོང་མེད། དར་ཞིང་རྒྱས་པའི“ཇ་རྟའི་གནའ་ལམ”ནི་ལོ་རྒྱུས་ཀྱི་དཔང་པོ་ཡག་ཤོས་རེད། བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག《གླིང་སྒྲུང》གི་གནའ་བོའི་གཏམ་དཔེའི་ནང“རྒྱ་ཟོག་བོད་ལ་འདྲེན་པ་འདི། བོད་དུ་མེད་པ་མ་ཡིན་ཏེ། རྒྱ་བོད་གཉིས་ཀྱི་མི་དམངས་རྣམས། སེམས་དང་སེམས་པ་འབྲེལ་བ་རེད”ཅེས་བརྗོད་ཡོད། དེ་ནི་ཏག་ཏག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་རིགས་དང་མི་རིགས་གཞན་དབར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འགོ་ནས་མཇུག་བར་ཁྱབ་ཅིང་། བོད་མི་རིགས་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་འཕེལ་རྒྱས་ཕྱིན་ཡོད”ཅེས་གསུངས་པ་ལྟར་རོ།

གཉིས། བོད་ཀྱི་མི་རིགས་ཁག་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་འཚར་ལོངས་དང་སྟོབས་ཆེར་ཕྱིན་པ།

ཀྲུང་གོ་ནི་རང་བཞིན་གཅིག་ཏུ་གྲུབ་པའི་ས་ཁམས་ཀྱི་ཚན་པ་ཞིག་དང་རང་བྱུང་སྲུང་ཡོལ་གྱི་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་ཀྱིས་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་རང་བཞིན་གྱི་རང་བྱུང་སྒྲོམ་གཞི་གྲུབ་ཡོད། བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ས་གཤིས་ཐད་ནས་ཨེ་ཤེ་ཡ་དང་ཡོ་རོབ་བྲག་ལེབ་དང་ཧིན་རྡུ་རྒྱ་མཚོའི་བྲག་ལེབ་གསལ་པོར་ཕྱེ་ཡོད། མཚོ་བོད་ས་མཐོའི་ས་ཁམས་གྲུབ་ཚུལ་གྱིས་བོད་ཀྱི་ནུབ་རྒྱུད་བལྟོས་བཅས་ཀྱིས་བཀག་སྡོམ་དང་ཤར་རྒྱུད་བལྟོས་བཅས་ཀྱིས་སྒོ་དབྱེའི་རྣམ་པ་གཏན་འཁེལ་བྱས་ཡོད། བརྗིད་ཉམས་ལྡན་པའི་ཁུ་ནུ་རི་བོ་མུ་ལ་མུ་ཁྱུད་དུ་ལེ་དབར་སྟོང་ཕྲག་སྦྲེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་མེས་པོའི་ཁྲག་རྩ་གྲུབ་ཡོད། “མ་ཡུམ་ཆུ་བོ”འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་སོགས་མཚོ་བོད་ས་མཐོ་ནས་བཞུར་ཏེ་ཤར་ཕྱོགས་སུ་ལང་ལོང་དུ་རྒྱུག་ནས་མུ་མཐའ་བྲལ་བའི་ཀྲུང་ཧྭའི་ས་གཞི་ཆེ་མོར་འཚོ་བཅུད་སྦྱིན་ལ། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་སྐྱེད་སྲིང་བྱས་ཡོད། “ང་འབྲི་ཆུའི་སྟོད་དུ་འཚོ། ཁྱེད་འབྲི་ཆུའི་སྨད་དུ་གནས། མཉམ་དུ་འབྲི་ཆུ་ལོངས་སུ་སྤྱོད”ཅེས་པའི་རང་བྱུང་གི་འབྲེལ་བ་དམ་ཟབ་ཀྱི་རྣམ་པ་དེ་དག་ལས། མི་རིགས་ཁག་དབར་གྱི་བརྩེ་སེམས་ཐག་ཇེ་ཉེར་ཕྱིན་པ་མ་ཟད། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དེ་བས་ཟབ་ཏུ་ཕྱིན་ཡོད།

ཡོན་རྒྱལ་རབས་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གི་ཁྲིམས་སྲོལ་ལམ་ལུགས་དང་རུའུ་ལུགས་ཀྱི་བསམ་བློ་བོད་དུ་དར་ཡོད། ཡོན་རྒྱལ་རབས་ཀྱི་དབང་སྒྱུར་བས་བོད་བརྒྱུད་ནང་བསྟན་གཞུང་ཕྱོགས་ཀྱི་འདུ་ཤེས་རྣམ་པར་བརྩིས་ནས་ཀྲུང་ཡོན་ས་ཁུལ་དུ་དགོན་སྡེ(དཔེར་ན་ད་བར་ཉར་ཚགས་ཡག་པོ་བྱུང་བའི་པེ་ཅིང་གི་མེའོ་དབྱི་དགོན་ལྟ་བུ)མང་པོ་བཞེངས་ནས་བོད་བརྒྱུད་ནང་བསྟན་རིམ་གྱིས་ནང་སར་དར་ཡོད། ཡོན་རྒྱལ་རབས་མཇུག་འགྲིལ་རྗེས། བོད་ས་གནས་སུ་ཆོས་སྲིད་ཀྱི་སྟོབས་ཤུགས་ཆེ་ཙམ་ལྡན་པའི་ཕག་མོ་གྲུ་པ་སྲིད་དབང་དང་དེ་བཞིན་ས་སྐྱ་དང་ཀརྨ་བཀའ་རྒྱུད་སོགས་གྲུབ་མཐའ་ཚང་མས་ཡོན་རྒྱལ་རབས་ཀྱིས་སྤྲད་པའི་ཆོ་ལོ་དང་ཐམ་ག་ཕུལ་ཏེ་མིང་རྒྱལ་རབས་ཀྱིས་དཔོན་གནས་བསྐོ་གཞག་བྱེད་པར་བསྒྱུར་ནས་མིང་རྒྱལ་རབས་ཀྱི་མངའ་འོག་ཏུ་ཞུགས། ཕག་མོ་གྲུ་པ་སྲིད་དབང་གིས་བསྐོས་པའི་རྫོང་ཁག་གི་སྲིད་འཛིན་གྱི་འགོ་པ་ཚང་མར་མིང་རྒྱལ་རབས་ཀྱིས་དཔོན་གནས་སྤྲད་ཅིང་། དེ་ནི་རྫོང་དཔོན་ཡིན་ལ་ཀྲུང་དབྱང་གི་དཔོན་གནས་ཀྱང་རེད། ཆིང་རྒྱལ་རབས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། 1653ལོ་དང་1713ལོར་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པར་ཆོ་ལོ་བསྩལ་ཏེ་ཁོང་རྣམ་གཉིས་ཀྱི་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་གནས་བབ་གཏན་འཁེལ་བྱས་ཡོད། དེ་རྗེས་བོད་སྡོད་ཨམ་བན་ལམ་ལུགས་སྔ་རྗེས་སུ་བཙུགས་ནས《གོང་མའི་བཀའ་འབྲེལ་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ》ཁྱབ་བསྒྲགས་བྱས་པའི་ནང“གསེར་བུམ་དཀྲུགས་པའི”ལམ་ལུགས་ཚུད་ཅིང་། ཏཱ་ལ་དང་པཎ་ཆེན་སོགས་ཀྱི་ཡང་སྲིད་བཙལ་འཚོལ་གཏན་འཁེལ་བྱེད་པ་ཚང་མ་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པའི་གཏན་འབེབས་བྱས་པ་མ་ཟད། དེ་ནས་བཟུང་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར་ཡོད། བོད་བརྒྱུད་ནང་བསྟན་ཆིང་རྒྱལ་རབས་ཀྱི་གཞུང་ཕྱོགས་ཀྱི་རིག་གནས་ཤིག་ཏུ་གྱུར་པ་མ་ཟད། ཀྲུང་ཧྭའི་ས་གཞི་ཆེ་མོར་ས་ཁྱབ་རྡོ་ཁྱབ་བྱུང་ཡོད། ནང་ཆོས་ཀྱི་བསམ་བློའི་བྱམས་སྙིང་རྗེ་དང་། བཏང་སྙོམས། བཟོད་པ་སོགས་ཀྱི་ལྟ་བ་རུའུ་ལུགས་ཀྱི་བྱམས་པ་དང་། གུས་ལུགས། བློ་གྲོས། དད་སེམས་སོགས་བསམ་བློ་དང་སྤེལ་རེས་མཉམ་འདྲེས་བྱུང་ནས་དམངས་སྲོལ་འཚོ་བའི་ཁྲོད་རིམ་བཞིན་ཁྱབ་སྟེ་ཐུན་མོང་རིན་ཐང་གི་མོས་སེམས་གྲུབ་ཡོད།

1912ལོར་ཀྲུང་ཧྭ་མིང་གོ་བཙུགས་ཏེ། 《ཀྲུང་ཧྭ་མིང་གོའི་གནས་སྐབས་སྲུང་བྱའི》ནང་བོད་ནི་ཀྲུང་གོའི་ཞིང་ཆེན་གཅིག་ལ་གཏན་འཁེལ་བྱས་ཡོད། 1929ལོར་པཎ་ཆེན་སྐུ་ཕྲེང་དགུ་པས་གོ་མིང་སྲིད་གཞུང་གི་རྒྱལ་ས་ནན་ཅིང་དུ་དོན་གཅོད་ཁྲུའུ་བཙུགས། 1931ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ནན་ཅིང་དུ་བཅའ་སྡོད་དོན་གཅོད་ཁྲུའུ་བཙུགས་ཏེ་བོད་ས་གནས་དང་ཀྲུང་དབྱང་དབར་འབྲེལ་གཏུག་བྱེད་པའི་ལས་ཁུངས་ལ་དངོས་སུ་གྱུར་ཡོད། གོ་མིང་སྲིད་གཞུང་གིས་ནན་ཅིང་དུ་གོ་མིང་ཚོགས་འདུ་འཚོགས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དཀོན་མཆོག་ཅོ་ནེ་སོགས་འཐུས་མི་དྲུག་དང་ཚུལ་ཁྲིམས་ཉི་མ་སོགས་ཟུར་ཞུགས་འཐུས་མི་གསུམ་མངགས་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པས་བློ་བཟང་ཚུལ་ཁྲིམས་སོགས་འཐུས་མི་བཞི་དང་ཧྲའོ་ཀྲང་སོགས་ཟུར་ཞུགས་འཐུས་མི་བཞི་མངགས་ནས་ཚོགས་འདུར་ཞུགས་ཡོད། པཎ་ཆེན་སྐུ་ཕྲེང་དགུ་པ་གོ་མིང་ཚོགས་འདུར་ཞུགས་པ་མ་ཟད། ད་དུང་ནན་ཅིང་དུ《བོད་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་རེད》ཅེས་པའི་གཏམ་བཤད་གལ་ཆེན་ཡང་སྤེལ་གནང་ཡོད། གོ་མིང་དུས་སུ་ཁ་ཕྲལ་ཕྱོགས་གཏོགས་ཀྱི་འགོག་རྐྱེན་ཐེངས་མང་ཕོག་མོད། འོན་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་པ་དང་། གཞུང་ཕྱོགས་དང་དམངས་ཁྲོད་ཀྱིས་དཔེ་སྐྲུན་བྱས་པའི་འཛམ་གླིང་གི་ས་བཀྲ་དང་ཀྲུང་གོའི་ས་བཀྲ་ཚང་མར་བོད་ཀྲུང་གོའི་མངའ་ཁོངས་ས་ཆར་བཅུག་ཡོད། གཞན་ཡང་བོད་ས་ཁུལ་གྱི་ཕྱི་ཕྱོགས་ཀྱི་ཚོང་དོན་གྱི་འགྲོ་འོང་ཕལ་ཆེ་བའང་གཙོ་བོ་ཀྲུང་ཧྭ་མིང་གོའི་ཕྱི་འབྲེལ་པུའུ་ནས་ཀྲུང་གོའི་ལམ་ཡིག་རེ་ཞུ་བྱེད་དགོས་ཀྱི་ཡོད། 1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང“གྲོས་མཐུན་དོན་ཚན་བཅུ་བདུན་གྱི”ནང“བོད་ལྗོངས་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན། མི་རིགས་གཞན་དང་འདྲ་བར་རླབས་ཆེན་མེས་རྒྱལ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་ཡོད”ཅེས་གསལ་པོར་བསྟན་ཡོད།

གསུམ། བོད་ཀྱི་མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་ཕྱིའི་དགྲ་བོར་བཀག་འགོག་བྱེད་རིང་མཐུན་སྒྲིལ་རོགས་ལས་བྱས་པ།

ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་གོར་དམག་གིས་བོད་ལ་བཙན་འཛུལ་བྱས་ཤིང་། གོང་མ་ཆན་ལུང་གིས་ཕུའུ་ཁང་ཨན་དང་ཧའེ་ལན་ཁྲ་སོགས་མངགས་ཏེ་དམག་དཔུང་གི་སྣེ་ཁྲིད་ནས་བོད་དུ་ས་ཆ་ཤོར་བ་ཚུར་ལེན་པར་བཏང་ཡོད། ཆིང་དམག་གིས་ལྷ་སའི་བར་མ་རི་དང་། དིང་རི། གྲོ་མོ་སོགས་སུ་གེ་སར་ལྷ་ཁང་བཞེངས་པ་ནི་བོད་རྒྱ་ཁྱིམ་ཚང་གཅིག་གིས་ཕྱིའི་དགྲ་བོར་བཀག་འགོག་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཁུངས་བཙན་ཞིག་རེད།

ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ལ་ཕྱིའི་བཙན་འཛུལ་ཡང་ཡང་ཕོག་ནས་རི་ཀླུང་ཆུ་གསུམ་ལ་ཉམས་ཆག་ཆེན་པོ་བྱུང་ཞིང་། ཤི་གསོན་ཆགས་འཇིགས་ཀྱི་འགག་རྩའི་དུས་སུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཤ་ཁྲག་ལས་གྲུབ་པའི་རང་ལུས་བློས་གཏོང་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཡོད།

1888ལོ་དང་1904ལོར་དབྱིན་དམག་གིས་བོད་ལ་བཙན་འཛུལ་ཐེངས་གཉིས་བྱས་པར། བོད་རིགས་དང་། རྒྱ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་ཁག་གི་མི་དམངས་ཀྱིས“ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་ཕྱིར་བཤོལ་གཏན་ནས་མི་བྱེད་པའི”དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྲག་བཏོན་དམར་འཛིང་དྲག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་བཏང་ཡོད། དབྱིན་ཇི་བས་སྐབས་ཤིག་རིང་ལྷ་ས་བཟུང་ནས་ཆིང་སྲིད་གཞུང་དང《ཀྲུང་དབྱིན་ལྷ་སའི་ཆིངས་ཡིག》བཞག་རུང་། བོད་ཀྱི་བདག་དབང་ཀྲུང་གོར་ཡོད་པ་སྔར་བཞིན་ཁས་བླངས་ཡོད། 1907ལོར་དབྱིན་ཇི་དང་ཨུ་རུ་སུ་བཙན་དབང་རྒྱལ་ཁབ་གཉིས་ཀྱིས་གསང་བའི་ངང་གྲོས་མཐུན་བཞག་པའི་ནང་དུའང་ཕྱོགས་གཉིས་པོས་སྐབས་འདིར་ཉམས་རྒུད་ཆེན་པོ་བྱུང་བའི་ཀྲུང་གོར་བོད་ཀྱི་བདག་དབང་སྔར་བཞིན་ཡོད་པ་ཁས་བླངས་ཡོད།

རི་འགོག་དམག་འཁྲུག་གི་དུས་སྐབས་སུ་བོད་མ་གཞི་གཡུལ་ས་གཙོ་བོ་དང་ཐག་རིང་མོད། འོན་ཏེ་བོད་དང་བོད་རིགས་འདུས་སྡོད་ཁུལ་གཞན་དག་གི་མི་རིགས་ཁག་གི་སྤུན་ཟླས་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ནས་གཅིག་རྗེས་གཉིས་མཐུད་ངང་དམག་འཐབ་ནང་ཞུགས་ཡོད། ཀྲུང་གོའི་རྒྱང་སྐྱོད་དམག་ནང་བོད་རིགས་གཞོན་ནུ་མི་ཉུང་བ་ཞིག་ཡོད། 1938ལོར་འབྲས་སྤུངས་དགོན་གྱི་གྲྭ་དམངས་ཀྱིས་ཁམས་བོད་ས་གནས་ཁག་ཏུ་སྔ་ས་ནས་བཏང་བའི་བཀའ་རྒྱར་ཡ་ལན་བྱས་ཏེ་དམག་མི་བསྡུས་ནས་རྒྱལ་ཁབ་ལ་མཁོ་བའི་སྐབས་སུ་མེ་མདའ་འཁྱེར་འདོད་ཡོད་ཅེས་བརྗོད། 1938ལོར《ཤིན་ཧྭ་ཉིན་རེའི་ཚགས་པར》ཐོག་སྤེལ་བའི《ཁམས་བོད་མང་ཚོགས་ཀྱི་འཐུས་མིས་གཡུལ་ས་མདུན་མའི་དཔོན་དམག་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེའི》ནང“ཀྲུང་གོ་ནི་གཏན་འཇགས་ཞིང་ཆེན་ཉེར་གཅིག་དང་། སོག་པོ། བོད་བཅས་ཚུད་པ་ལས་གྲུབ་པའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་པོ་དང་ཀྲུང་ཧྭ་མི་རིགས་ནི་རང་རེའི་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། བོད་རིགས། དེ་བཞིན་མི་རིགས་གཞན་དག་ཁག་བཅས་ལས་གྲུབ་པའི་རྒྱལ་ཁབ་ཆེན་པོའི་མི་རིགས་ཧྲིལ་པོ་ཡིན”ཞེས་འཁོད་ཡོད། 1943ལོར་དཀར་མཛེས་བོད་རིགས་མི་དམངས་ཀྱིས་ས་གནས་དེ་གའི་ཧུད་རིགས་དང་། རྒྱ་རིགས། ཏུང་ཞང་རིགས་སོགས་མི་རིགས་ཁག་གི་མི་དམངས་དང་མཉམ་འབྲེལ་ཐོག་རི་འགོག་རྒྱལ་སྐྱོབ་བློས་བླངས་དམག་སྒྲིག་འཛུགས་བྱས་པ་དང་མི་མི་ཉུང་བ་ཞིག་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རི་འགོག་དཔུང་ཁག་ནང་ཞུགས་པ་ལ་སོགས། ལོ་བརྒྱ་སྟོང་མང་པོའི་རིང་རྒྱ་བོད་སོགས་མི་རིགས་ཁག་གིས་དགྲ་ལ་མཉམ་སྡང་དང་རྒྱལ་ཁབ་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་བཏོད་ཡོད།

བཞི། བོད་ཀྱི་མི་རིགས་ཁག་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་ལག་ལེན་ནང་འཕེལ་རྒྱས་དང་ཡར་རྒྱས་བྱུང་བ།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུའུ་ཞི་མའོ་ཙེ་ཏུང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ། བོད་ཀྱི་བཙན་རྒྱལ་རིང་ལུགས་པའི་ཕྱོགས་གཏོགས་མཐའ་སྐྲོད་བཏང་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བ། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་ནས་རྒྱལ་ཁབ་དང་རང་ཉིད་ཀྱི་ལས་དབང་གི་བདག་པོར་གྱུར་ཡོད། རྒྱལ་ཁབ་ཀྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་མཚོ་བོད་དང་ཁྲོན་བོད་གཞུང་ལམ་བསྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་གཙོ་ལེགས་སུ་བཏང་བ་ལ་སོགས། བོད་ཀྱི་ས་གཞི་ཆེན་པོར་ཉིན་རེ་ལས་ཉིན་རེ་མ་འདས་པར་འགྱུར་བ་གསར་པ་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་མི་རིགས་ཁག་གི་སྤུན་ཟླ་དང་མཉམ་དུ་རང་ཁྱིམ་རང་བདག་བྱུང་ནས“ཡར་ལངས་ཡོད”

སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། 1980ལོ་ནས་2010ལོ་བར་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྔ་རྗེས་སུ་འཚོགས་ཏེ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལ་རྒྱབ་སྐྱོར་བྱས་ཡོད། ལོ་30ལྷག་ཙམ་རིང་རིམ་རྩིས་བྱས་ན། བོད་ལ་མ་དངུལ་སྒོར་དུང་ཕྱུར་2033.2བཏང་བའི་ཁྲོད་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་1700ལྷག་ཙམ་བཏང་ཡོད། རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་གྱི་འཛུགས་སྐྲུན་རྣམ་གྲངས་6600ལྷག་ཙམ་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་230ལྷག་ཙམ་བཏང་ཡོད། ཁག་དྲུག་ལ་བགོས་ཏེ་བོད་སྐྱོར་ལས་བྱེད་པ་4700ལྷག་ཙམ་དང་བོད་སྐྱོར་ཤེས་ལྡན་མི་སྣ་ཁྲི་འགའ་ཤས་ས་མཐོར་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བར་སྔ་རྗེས་སུ་བཏང་བ་ལ་སོགས། བོད་ཀྱིས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ནས“མི་ཡུལ་གསར་པ་བརྗེས་ཡོད”

དུས་རབས་གསར་པར་སླེབས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཞིགས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་སྔ་རྗེས་སུ་ཇུས་བཀོད་ཀྱིས་འཚོགས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རྣམ་གྲངས་197འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། འཆར་འགོད་ལག་བསྟར་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་3807བཏང་བའི་ཁྲོད་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2674བཏང་ཡོད། 2020ལོའི་ཟླ་10པའི་ཟླ་མཇུག་བར་ཀྲུང་དབྱང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་3136བཏང་བ་དེ་འཆར་འགོད་མ་འཇོག་བྱེད་གྲངས་ཀྱི་17.3%ལྷག་ཙམ་ཟིན་ཡོད། བོད་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་ཆ་མཚོན་ན། ཆུ་ཟོམ་ནས་ཆུ་ཀ་ལ་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། གསེག་ལམ་ནས་སྣུམ་ནག་ལམ་བར་འགྱུར་ལྡོག་བྱུང་སྟེ་ལོ་ངོ་བརྒྱ་སྟོང་རིང་གི་དབུལ་པོའི་འཆིང་རྒྱ་ལས་རྦད་དེ་གྲོལ་ཡོད། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1959ལོའི་གོང་གི་ལོ་35.5ནས་ད་ཆའི་ལོ་71.1བར་རིང་དུ་སོང་བ་དེ་རྒྱ་གར་དང་ནེ་པ་ལ་སོགས་ཉེ་འཁོར་ས་ཁུལ་ལས་རིང་བ་ཡོད། སྔོན་མ། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་སྤྱི་ཚོགས་ལམ་ལུགས་གོམ་པ་གང་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། ད་ཆ། དབུལ་སྒྲོལ་འགག་སྒྲོལ་བྱས་པ་བརྒྱུད། བོད་ཀྱི་མི་དམངས་ཁྲི་350ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ནས་འཚོ་བ་སྐྱེལ་སྟངས་གོམ་པ་གང་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད།

ལྔ། བོད་ཀྱི་མི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རིང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། “ཁ་འབྲལ་ཐབས་མེད་པ་གསུམ”བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས“གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས”ཀྱི་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཏེ། བོད་ཀྱི་སྲིད་འཛིན་ཁྲིམས་སྲོལ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཏན་འཁེལ་དང་བཟོ་བཅོས་རྒྱག་རིང་རྒྱལ་ཁབ་གཅིག་གྱུར་གྱི་ཁྲིམས་སྐྱོང་དགོངས་པ་ངེས་པར་དུ་མཚོན་པར་བྱེད་དགོས། ཏང་འཛུགས་སྐྱོང་དང་ལྷག་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ལམ་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་ནན་ཏན་ངང་སྤེལ་བ། རྫོང(ཆུས)74དང་། ཤང(གྲོང་རྡལ)600ལྷག་ཙམ། གྲོང་ཚོ(གྲོང་ལྷན)5500ལྷག་ཙམ་བཅས་ཀྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

དཔལ་འབྱོར་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”ལ་དམིཌ་ཏེ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་སར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བཅས་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ཡར་ཀླུང་གཙང་པོའི་སྨད་ཀྱི་ཆུ་གློག་གསར་སྤེལ་སོགས་དུས་རབས་རང་བཞིན་གྱི་ལས་གྲྭར་དམིགས་ཏེ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཐུན་སྒྲིལ་ལམ་ཐིག་དང་བདེ་སྐྱིད་ལམ་བུ་དེ་བས་མང་བ་སྐྲུན་དགོས།

(པར་ངོས་བརྒྱད་པར་གཟིགས)

(པར་ངོས་བདུན་པར་མཐུད)མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ཏེ། མི་འབོར་མཐའ་མཚམས་ལ་འབྱོར་བ་དང་། སྒྲིག་བཀོད་མཐའ་མཚམས་ལ་འབྱོར་བ། ཐོན་ལས་མཐའ་མཚམས་ལ་དར་བ། ཞབས་འདེགས་མཐའ་མཚམས་ལ་ཞུ་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མི་འབོར་དང་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད་ལག་བསྟར་ལ་དམིགས་ཏེ། 2025ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེའི་མཚམས་སུ་སླེབས་པར་བྱེད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྟོན་གྲངས་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མཚམས་སུ་སླེབས་པར་བྱས་དང་བྱེད་བཞིན་ཡོད།

རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ། སྒྲིག་འཛུགས་ཞིབ་ཚགས་བྱས་པ་བརྒྱུད། “དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་མི་གཅིག་ཀྱང་མི་ལུས་པ”དང“ཕྱོགས་ཡོངས་ནས་འབྱོར་འབྲིང་ལམ་དུ་སྐྱོད་རིང་མི་རིགས་གཅིག་ཀྱང་ལུས་མི་རུང་བའི”གསོན་ཉམས་དོད་པའི་དཔེ་མཚོན་བགྲངས་ཏེ། ལྗོངས་ཡོངས་ཀྱི་མི་དམངས་ལ་སློབ་གསོ་བཏང་ནས་ང་ཚོའི་མི་རིགས་འདྲ་མཉམ་དེ་འདྲ་མཉམ་ངོ་མ་ཡོང་བར་བྱས་ཡོད། གནད་སྨིན་ལག་བསྟར་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་སྐུལ་འདེད་གཏོང་བར་ཆུང་བྱིས་པའི་དུས་ནས་དམ་འཛིན་བྱས་ཏེ“100%བྱས་པ་5”ཡི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་དང་སྤྱི་སྐད་ཆུ་ཚད་རིམ་པ་ཚད་ལེན་ས་ཚིགས་18བསྐྲུན་ཡོད། བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་འདུ་འགོད་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་བརྟན་དུ་གཏོང་བའི་དཔེ་དེབ་དང་སློབ་གཞི་ཁག་གཅིག་རྩོམ་པ། སྐྱིད་གྲོང་གི་འཕགས་ཡུལ་དུ་མངགས་པའི་ཐང་རྒྱལ་རབས་ཀྱི་ཕོ་ཉའི་བྲག་བརྐོས་ཡི་གེ་དང་རྫ་ཡུལ་གྱི་དབའ་བོའི་རི་ཉག་སོགས་ལོ་རྒྱུས་བཤམས་སྟོན་ཁང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་20ལྷག་ཙམ་བསྐྲུན་ནས་ཀྲུང་ཧྭ་རིག་གནས་འདི་ཉིད་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་སྒྲོག་ཐག་དང་སེམས་ཀྱི་བརྟེན་སར་ཐོག་མཐའ་བར་གསུམ་དུ་འགྱུར་བར་བྱས་ཡོད།

སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ལ་དམིགས་ཏེ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ནང་སར་ལས་ཞུགས་ལས་གཏོད་བྱེད་པར་བསྐྱོད་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱས་ནས་ལོ་ལྟར་ལྗོངས་ཕྱིར་མི་ཁྲི་1ཡན་ལས་ཞུགས་ཐུབ་རྒྱུའི་བརྩོན་ལེན་བྱས་པ་ཆབས་ཅིག ནང་སའི་ཁེ་ལས་དང་མི་སྒེར་བོད་དུ་ལས་དར་ལས་གཏོད་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་ཐབས་བྱས་ཡོད། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུར་དམིགས་ཏེ། བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་དང་ལོ་ལྟར“མི་རིགས་མང་བའི་ཞི་མཐུན་སྲང་ལམ(སྡེ་ཁུལ་དང་ཁྱིམ་ཚང)”གྱི་དཔེ་མཚོན་20ལྷག་ཙམ་བཏོད་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་འཛུགས་འཆར་འགོད(2021ལོ་ནས་2025ལོ་བར)》ལག་བསྟར་ལ་དམ་པོར་དམིགས་ཏེ། 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་ཀུན་བཏུས(བོད་ཀྱི་བམ་པོ)》རྩོམ་སྒྲིག་བྱེད་འགོ་བཙུགས་པ་དང་། 2025ལོར་སླེབས་སྐབས་ས་ཁུལ(གྲོང་ཁྱེར)7ཚང་མར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ(གྲོང་ཁྱེར)བསྐྲུན་རྒྱུ་དང་རྫོང(ཆུས)80%ལ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས)བསྐྲུན་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་པ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་ཡོལ་ལ་གཞི་ཚུགས་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་ལག་ལེན་བསྟར་བ། མཚོ་བོད་ས་མཐོའི་སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད་སྐྲུན་པ་བཅས་བྱས་ཡོད། ལྗང་མདོག་འཕེལ་རྒྱས་ལ་གཞི་ཚུགས་ནས་གསེར་རི་དངུལ་རི་དགོས་ལ། སྔོ་ལྗང་རི་ཆུ་དེ་བས་དགོས་པ་ཡིན་པས་འཚམ་མཐུན་གྱི་རིན་ཐང་བརྗེ་སྒྱུར་གྱི་ཐབས་ལམ་གནད་ལ་འཁེལ་པོས་འཚོལ་དགོས། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུར་གཞི་ཚུགས་ནས《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྲོལ་ཡིག》ལག་ལེན་བསྟར་ཏེ། སྐྱེ་ཁམས་བདེ་འཇགས་འགན་སྲུང་གི་བྱ་སྤྱོད་དང་། སྐྱེ་ཁམས་བར་ཁམས་ལེགས་སུ་གཏོང་བའི་བྱ་སྤྱོད། སྐྱེ་ཁམས་དཔལ་འབྱོར་སྐྱེད་སྲིང་གི་བྱ་སྤྱོད། སྐྱེ་ཁམས་འཚོ་བའི་ལག་ལེན་གྱི་བྱ་སྤྱོད། སྐྱེ་ཁམས་རིག་གནས་རྒྱུན་འཛིན་གྱི་བྱ་སྤྱོད། སྐྱེ་ཁམས་ལམ་ལུགས་གསར་གཏོད་ཀྱི་བྱ་སྤྱོད་བཅས་བྱ་སྤྱོད་ཆེ་མོ་དྲུག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

དྲུག བོད་ཀྱི་མི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་པའི་ལས་འགན་དང་འགན་འཁྲི་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་དགོས།

མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་ངེས་ནས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་གང་ལེགས་བཏོན་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས“སྤྱི་ཡོངས་གཉིས”བློ་ལ་འཆང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་སྒོ་ནས་མར་ཁེ་སི་རིང་ལུཌ་དང་། ཏང་། རྒྱལ་ཁབ་བཅས་ལ་ལྷག་བསམ་རྣམ་དག་བྱེད་དགོས།

དད་སེམས་བརྟན་པོ་བཅངས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་དགོས་པ། དེང་རབས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་བསྡུར་བའི་ཁར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཐད་གནང་བའི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་སྐྱོད་པ་བཅས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་བསྡུར་ནས“ལོ་རྒྱུས་ལྔའི”སློབ་གསོ་གཏིང་ཟབ་སྤེལ་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་ཡང་དག་པའི“ལྟ་བ་ལྔ”འཛུགས་པ་དང་རང་རྟོགས་ངང་ནོར་འཁྲུལ་གྱི་ལྟ་ཚུལ་སྣ་ཚོགས་ཀྱི་གནོད་འཚེ་མི་ཕོག་པ་བྱེད་དགོས། དེང་རབས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིཌ་པའི་གཞུང་ལུཌ་དང་བསྡུར་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་གནད་ལ་འཁེལ་པོ་ཆུད་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོཌ་ཀྱིས་མི་རིགས་ཀྱི་འཕེལ་ཕྱོཌ་དང་འབྱུང་འགྱུར་མཐོང་རྒྱུར་ཁྲིད་སྟོན་བྱས་ནས་མར་ཁེ་སི་རིང་ལུཌ་ལ་ལྷག་བསམ་རྣམ་དག་དང་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་ཆེ་བའི་ལས་བྱེད་པ་བཟང་པོ་ཞིག་བྱེད་དགོས།

ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་ཆབ་སྲིད་ཀྱི་གོ་བ་ལེན་ནུས་ཆེ་རུ་གཏོང་དགོས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཁར་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་ལེན། སྐྱེ་ཁམས་ཀྱི་ཁོར་ཡུག་བཟང་པོ་འགན་ལེན། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བཅས་བྱེད་དགོས། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་རྒྱུ་རྒྱ་ཁྱབ་ཏུ་སྐུལ་སློང་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཅིག་ཆགས་པ་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྤྲུལ་སྐུ་ངོས་འཛིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་དེ་བཞིན་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། “རྒྱལ་ནང་དུ་ཡང་སྲིད་འཚོལ་བ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གིས་ཆོག་མཆན་སྤྲོད་པ”བཅས་ཀྱི་རྩ་དོན་མི་སེམས་ལ་ཟུག་པར་བྱས་ནས་རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས་ཆེ་བའི་ལས་བྱེད་པ་བཟང་པོ་ཞིག་བྱེད་དགོས།

སྐད་ཆ་ཤོད་ཕོད་པ་དང་རལ་གྲི་བཤམས་ཕོད་པ་བྱས་ནས་ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་ཆེ་རུ་གཏོང་དགོས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་སར་བཞག་སྟེ་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་བོད་ལ་ཁ་གཡར་བའི་ངོ་བོ་གསལ་པོར་མཐོང་ཐུབ་པ་བྱས་ཏེ་མི་རིགས་ཁ་ཕྲལ་གཏོང་བ་དང་དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན“ཆབ་སྲིད་ཅན་དུ་འགྱུར་བ”ལས་ཁྱོན་ཡོངས་རང་བཞིན་གྱི་ཉེན་ཁ་ཐོན་སྲིད་པ་དུས་ཐོག་ཏུ་སེལ་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་སར་བཞག་ནས་ཏང་གི་འདོད་ཚུལ་དར་ཆ་གསལ་སྟོན་ངང་དྲིལ་བསྒྲིགས་དང་དོན་འཁྱོལ་བྱེད་དགོས། “མགོ་གཉིས་མར”བློ་ཁོག་ཆེན་པོས་རྡུང་རྡེག་གཏོང་ཕོད་པ་བྱེད་དགོས། བློ་སྦུག་དོག་པའི་མི་རིགས་རིང་ལུགས་ཀྱི་བསམ་བློར་མགོ་བོ་མི་སྒུར་བར་སྐྱོན་བརྗོད་བྱེད་པ་དང་སློབ་གསོ་གཏོང་དགོས། སྐད་ཆ་ཤོད་དགོས་རིགས་ཤོད་དགོས་པ་དང་ལས་ཀ་བྱེད་དགོས་རིགས་བྱེད་དགོས་ལ། ཕོག་ཐུག་གཏོང་དགོས་རིགས་ལ་ཕོག་ཐུག་ཀྱང་གཏོང་དགོས། འབྲས་བུ་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་སར་བཞག་ནས་དངོས་པོ་དང་བསམ་པའི་སྟོབས་ཤུགས་གཉིས་ལ་བརྟེན་ཏེ། ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གཉིས་ལ་དམ་འཛིན་ཡག་པོ་བྱེད་པ་དང་ལས་ཀའི་ཕན་འབྲས་ཐོན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ལ་ལྷག་བསམ་རྣམ་དག་དང་ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་ཆེ་བའི་ལས་བྱེད་པ་བཟང་པོ་ཞིག་བྱེད་དགོས།

གཙང་པོ་ཉིན་མཚན་མེད་པར་བཞུར། དཔའ་ངར་ཆེར་སྐྱེད་བསྟོད་གླུ་ལེན། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཁར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འགན་འཁྲི་ཆེ་མོ་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་ཁུར་ནས་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ངང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་རྩོམ་པར་འབད་འཐབ་ཧུར་ཐག་བྱེད་དགོས།

(པ་སངས་དང་། སྤེན་ཚེ། པ་ཚེ་གཞོན་པ། བསོད་བདེ་གཞོན་པ། སྐལ་མཆོག ཚེ་ལྷ་བཅས་ཀྱིས་སྒྱུར་ཞུས་བྱས)