《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ་བཅས་ཕེབས་པ།

ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། དཔྱིད་ཟླ་གསུམ་པའི་ས་མཐོར། རྩི་ཤིང་ཐམས་ཅད་སྔོ་ཐིང་ཐིང་ཆགས་ཤིང་། ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲང་ཞུའེ་ཅེ་དང་། དབང་ཧའེ་ཅང་། བསྟན་ཁོ། ཅང་ཅེ། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་མཛད་སྒོར་ཕེབས་ཡོད་པ་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྐབས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་འགོ་ཚུགས་པའི་དུས་སྐབས་གལ་ཆེན་བཅས་སུ་ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དེར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚེས་28ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བརྗིད་ཉམས་ལྡན་ཞིང་། རྒྱ་བོད་ཡིག་རིགས་གཉིས་ཀྱིས་བྲིས་པའི“བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་གཟབ་རྒྱས་ཞུ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དེ་ཧ་ཅང་མངོན་གསལ་དོད། སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། དཔའ་ཉམས་ལྡན་ཞིང་གྲུང་ཤ་དོད་པའི་དམག་མིའི་རོལ་ཆ་རུ་ཁག་དང་། རྒྱལ་དར་སྲུང་སྐྱོང་རུ་ཁག་གིས་གྲལ་སྟར་འགྲིག་པོས་སྒྲ་གསལ་ཞིང་ཤུགས་དང་ལྡན་པའི་གོམ་པ་སྤོས་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྲུང་སྐྱེལ་བྱས། “གུས་འདུད་ཞུ”ཞེས་པའི་བཀའ་བརྡ་དང་བསྟུན་ནས་དམག་མིའི་རོལ་ཆ་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པ་དང་། དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་། མང་ཚོགས། སློབ་མ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱིས“ལོངས་ཤོག བྲན་གཡོག་བྱེད་འདོད་མེད་པའི་མི་རྣམས། ང་ཚོའི་ཤ་ཁྲག་ལ་བརྟེན་ནས་ལྕགས་རི་རིང་པོ་གསར་པ་བསྐྲུན་དགོས”ཞེས་པའི་གླུ་གཞས་མགྲིན་གཅིག་ཏུ་བླངས་ཤིང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་འོག་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་རིམ་བཞིན་བསྒྲེངས་པས་དགུང་སྔོན་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ།

རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་བརྟན་པོ་འཛུགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ། ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བ། ཡིད་ཆེས་བརྟན་པོ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད།