《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月28日

༄༅།།ཕ་བུ་གཉིས་ཀྱི་འགྲུལ་བཞུད།

ཉི་མ་ཚེ་རིང་།

ཨ་ཕ་ནི་ད་ལོ་དགུང་གྲངས་དོན་དྲུག་ལ་ཕེབས་ཤིང་ཞལ་གྱི་དཀྱིལ་འཁོར་ངོས་སུ་སྙིང་རྗེའི་མཐུ་དང་བྲལ་བའི་དུས་ཀྱི་ཕོ་ཉས་ཆུ་རིས་སྣ་ཚོགས་འཐེན་ཡོད་རུང་། ཁོང་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པས། ད་ལྟ་ཡང་གོག་པོ་མིན་པའི་ལུས་དེ་འགྲོ་སྐྱོད་བདེ་ལ་སྨྲ་བ་ལྡབ་ལྡིབ་དང་བྲལ་བ་ཞིག་རེད།

ཨ་ཕ་ནི་གྲང་རེག་ཅན་གྱི་དགུ་ཟླ་འདྲེན་པའི་དུས་དེར་ལོ་ལྟར་ལྷ་ལྡན་གྲོང་དུ་འགྲུལ་བཞུད་ལ་བསྐྱོད་དགོས་པ་ནི་ཁོང་གི་གོམས་གཤིས་ཤིག་ཏུ་སྣང་། ཨ་ཕས་ལྷ་ས་ན་བཞུགས་ཡོད་པའི་སྐུ་མཆེད་ཚོར་རང་ཉིད་ཀྱི་བསམ་པ་མཚོན་བྱེད་ཀྱི་ཕྱག་རྟགས་སུ་རང་ཡུལ་གྱི་ཐོན་ཁུངས་རབ་དཀར་འོ་མའི་ཆུ་རྒྱུན་ལས་བྱུང་བའི་སྙིང་པོ་མར་གྱི་ནོར་བུ་དང་དེ་བཞིན་ལྷད་མེད་དཀར་གཙང་གི་ཕྱུར་བ་བསྣམས་ཀྱི་ཡོད། ད་ཐེངས་ཀྱང་ཕྱག་རྟགས་དང་རང་མཁོའི་ཀ་ཅ་ཆ་ཚང་བར་གྲ་སྒྲིག་ཚར་རྗེས་ནམ་མཁའི་ནོར་བུ་ས་འཛིན་རྩེ་མོ་ནས་འཕགས་ཏེ་ཅང་མ་འགོར་བའི་མཚམས་དེར་ང་དང་ཨ་ཕ་གཉིས་རླངས་འཁོར་ལ་བསྡད་ནས་འགྲུལ་བཞུད་ཀྱི་ལམ་དེར་ཆས་འགོ་བརྩམས།

ཡུལ་མི་ཚོ་རང་ཡུལ་ནས་ལྷ་ལྡན་གྲོང་དུ་སྐྱོད་སྐབས་གཞིས་རྩེ་བརྒྱུད་ནས་མི་འགྲོ་བར་ཐད་ཀར་གམ་པ་ལ་མོ་བརྒལ་ནས་འགྲོ་ཡི་ཡོད། ཨ་ཕ་ང་གཉིས་རྫོང་གྲོང་དང་གྱེས་ཏེ་མྱང་གསེར་གཞུང་རིང་མོའི་སྟོད་སྨད་བར་གསུམ་ལས་སྟོད་ཕྱོགས་ཀྱི་གྱ་གྱུ་ཅན་གྱི་སྣུམ་ནག་གཞུང་ལམ་དེད་ནས། སྤྱི་ལེ་བཅུ་ལྷག་ཙམ་བསྐྱོད་རྗེས། མ་ནག་གློག་ཁང་དུ་འབྱོར། གློག་ཁང་དེ་ནས་ས་ཕྱོགས་གང་སར་གློག་མཁོ་འདོན་བྱེད་བཞིན་ཡོད་པ་མ་ཟད། དེ་ནི་གཞིས་རྩེ་ཁུལ་གྱི་ཆུ་གློག་གློག་ཁང་ཆེ་གྲས་ཤིག་རེད། དེ་ནས་མུ་མཐུད་ས་འཛིན་གྱི་མུ་ཁྱུད་གཅིག་མཇུག་གཉིས་མཐུད་རྒྱབ་ཕྱོགས་སུ་བསྐྱུར་བཞིན་མདུན་དུ་བསྐྱོད་པ་ན། གཟར་པོ་དེ་ཙམ་མེད་ཅིང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4325ཡོད་པའི་གཟི་མིག་ལ་ཡི་སྟེང་དུ་འབྱོར་ཞིང་། ཨ་ཕས་ཚོང་དཔོན་ནོར་བུ་བཟང་པོ་ཚོང་ལ་ཕེབས་ནས་ཕྱིར་ལོག་སྐབས། ལ་དེ་ནས་གཟི་རྙེད་པས་ན་ལ་དེའི་མིང་ལ་གཟི་མིག་ལ་ཞེས་ཐོགས་པ་རེད་ཅེས་གསུངས་བྱུང་མོད། དེ་ནི་ངག་རྒྱུན་ཙམ་དུ་ཟད། ཨ་ཕ་སྔོན་ཆད་གཟི་མིག་ལའི་སྟེང་ནས་ས་ཞིང་གི་ལུད་དབོར་འདྲེན་བྱེད་མྱོང་། སྐབས་དེ་དུས་ཀྱི་འགྲིམ་འགྲུལ་ཡོ་བྱད་ནི་དུས་ད་ཆ་དང་བསྡུར་ཐབས་རྩ་བ་ནས་མེད་པ་ཞིག་རེད། ཨ་ཕས་སྐབས་དེ་དུས་ཤིང་རྟ་འཁོར་ལོར་ལུད་བཀལ་ནས་ས་རོང་རྡོ་རོང་གི་ལ་དེ་བརྒལ་སྐབས་ཕྲད་པའི་དཀའ་ཚེགས་གླེང་གིན་དུ་ད་ཆའི་འགྲིམ་འགྲུལ་དང་གཞུང་ལམ་སོགས་གང་ས་ཅི་ཐད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟར་གྱི་འཕོ་འགྱུར་བྱུང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རང་རེད་ཅེས་གསུངས་བྱུང་།

ང་རང་ཡང་ཨ་ཕས་གསུངས་པའི་སྔར་སོང་གི་ལོ་རྒྱུས་ཉན་བཞིན་འདང་རེ་བརྒྱབ་ནས་མུ་མཐུད་མདུན་དུ་བསྐྱོད་པ་ན། སྡེ་ཚོགས་དེ་ཙམ་མཐུག་པོ་མེད་པའི་ལུང་དམར་ཤང་དུ་འབྱོར་བ་དང་། ཤང་དེ་ནི་ས་མ་འབྲོག་གི་ཡུལ་ལུང་ཞིག་ཡིན་པས། ཞིང་འབྲོག་ལས་གཉིས་ཀ་ནི་ཡུལ་དེའི་མང་ཚོགས་ཀྱི་འཚོ་རྟེན་ཡིན། རི་འདབས་སུ་ནག་ཐིང་ངེར་འཐེན་པའི་གྱ་གྱུ་ཅན་གྱི་གཞུང་ལམ་སྟེང་རླངས་འཁོར་ཧུར་སྒྲ་དང་བཅས་མདུན་ཕྱོགས་སུ་སྐྱོད་སྐབས། གཞུང་ལམ་གྱི་གཡས་གཡོན་དུ་ལག་ཏུ་ཕྱུར་བ་ཐོགས་ནས་ཡར་བཞུད་མར་བཞུད་ལ་བྲེལ་བའི་འཁོར་རིགས་སླེབས་མཚམས་སུ་འཕྱར་ཙམ་འཕྱར་ཙམ་བྱེད་མཁན་གྱི་སྐྱེས་ཕོ་མོ་རྒན་གཞོན་སྣ་ཚོགས་མིག་ལམ་དུ་འཆར་བྱུང་བས། ད་གཟོད་འབྲོག་ལས་ཁོ་ན་དར་ཆེ་བའི་ར་ལུང་ཤང་དུ་སླེབས་པ་རྟོགས། གཡུ་ཡི་གོས་བཟང་སྤུད་པའི་སྤང་རིའི་སྟེང་སྤྲིན་དཀར་ཚོམ་བུར་འཁོར་བ་ལྟར་གྱི་གཡང་དཀར་ལུག་ཁྱུ་དང་། གནག་ཕྱུགས་ནོར་གྱི་ཚོགས་ཅི་དགར་འཚོ་ཞིང་གནས། ལམ་ཁ་དེ་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་7000ལྷག་ཙམ་ཡོད་ཅིང་། བོད་ཀྱི་གནས་རི་བཞིའི་ཡ་གྱལ་ཏེ། སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་གནོད་སྦྱིན་གང་བ་བཟང་པོར་གྲགས་པའི་ཁ་བའི་རྡུལ་བརྩེགས་དེ་བཞིན་འདྲེན་བྱེད་ལམ་དུ་གསལ་ལེར་འཆར་བྱུང་། གངས་རིའི་རྩེ་མོ་ཨ་སྔོན་དགུང་ལ་ཟུག་ཅིང་རྔམ་བརྗིད་ལྡན་ལ། ངོ་མཚར་ཆེ་བ་འབའ་ཞིག་ཏུ་སྣང་། ཨ་ཕ་ང་གཉིས་གནས་རིའི་མདུན་ངོས་སུ་སླེབས་སྐབས། གནས་རི་མཇལ་འདོད་ཀྱི་དང་བ་དྲག་པོས་རླངས་འཁོར་ཁ་བཀག་ནས་དེ་གར་ཅུང་ཙམ་སྡོད་སྐབས། ཨ་ཕས་སྔོན་དུས་གངས་རི་འདིའི་སྟེང་གི་ཁ་བ་རི་གཤམ་མཚམས་སུ་ཡོད་མོད། དུས་ད་ཆ་རི་སྐེད་མཚམས་ལས་མེད་པ་དེ་ནི་ང་ཚོའི་བསོད་ནམས་རྒུད་འགྲོ་བ་རེད་ཅེས་གླེང་དུས། ཁོ་བོས་དེ་ནི་གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་ནོར་འཛིན་སྒེག་མོའི་བཞིན་ངོས་ཀྱི་གངས་དང་འཁྱགས་རོམ་གྱི་བཞུར་ཚད་མགྱོགས་སུ་ཕྱིན་པ་དང་། དེ་ནི་མིའི་རིགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་བཏང་བའི་ལན་པ་རེད་ཅེས་ཚན་རིག་དང་མཐུན་པའི་གནས་ལུགས་དེ་ཨ་ཕར་མ་བརྗོད་ཀ་མེད་བྱུང་། གནས་འདི་ནི་ད་དུང“རོང་ས་དམར་པོ”ཞེས་པའི་གློག་བརྙན་པར་ལེན་བྱེད་གནས་ཤིག་ཡིན་པའང་ཤེས་བྱུང་། དེ་རྗེས་སྤྱི་ལེ་ཉི་ཤུ་ལྷག་ཙམ་སོང་བས་ན། ལྷོ་ཁ་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྣ་དཀར་རྩེ་རྫོང་དུ་སླེབས་པ་དང་། རྫོང་དེའང་དུས་བསྟུན་མཉམ་འགྲོས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་ནི་བ་གམ་ཅན་གྱི་ཁང་བཟང་གི་བཀོད་པ་དང་། ཁམས་གཙང་གི་ཁོར་ཡུག དེ་བཞིན་ལམ་གཡས་གཡོན་གྱི་གློག་སྒྲོན་སོགས་ཀྱི་སྒྲིག་ཆས་ལས་ཟུར་བལྟས་ལེབ་མཐོང་རེད་འདུག ཨ་ཕ་ང་གཉིས་ལམ་ཕྱེད་ཟིན་མཚམས་སུ་སླེབས་སྐབས། ལམ་ཟུར་དུ་ཚ་ཕོག་རྒྱག་རྒྱུར་ཐག་ཆོད་ནས་ཁོ་བོས་རླངས་འཁོར་ཁ་བཀག་སྟེ་མར་བབས་པས། རུས་པའི་གསེང་དུ་ཟུག་རྔུ་སྦྱིན་པའི་རླུང་བུ་མདའ་ལས་ཚ་བ་ལྡང་གི་འདུག དེ་འདྲའི་ངར་ཆེ་བའི་རླུང་བུ་ལྡང་བ་དེ་ནི་རྫོང་དེ་ཡར་འབྲོག་གཡུ་མཚོ་རྒྱུག་ཁུལ་དུ་ཆགས་པའི་སྟབས་ཀྱིས་ཡིན་པར་སྙམ། གྲང་རེག་མ་བཟོད་པས་ཨ་ཕ་ང་གཉིས་རླངས་འཁོར་ནང་དུ་ཚ་ཕོག་མ་རྒྱག་ཐབས་མེད་བྱུང་། ཚ་ཕོག་བརྒྱབ་ཚར་རྗེས་མུ་མཐུད་དེ་སྤྱི་ལེ་སུམ་ཅུ་ལྷག་ཙམ་ཕྱིན་པས་ན། གམ་པ་ལ་མོའི་ལ་གཤམ་ནས་རི་བོའི་པང་ཁར་འཁྱུད་པའི་སྣུམ་ནག་ཅན་གྱི་གཞུང་ལམ་འདྲེན་བྱེད་ལམ་དུ་གསལ་པོར་མངོན་པ་དང་། རིམ་བཞིན་ལ་སྟེང་དུ་སྐྱོད་སྐབས། ཨིནྡྲ་ནི་ལའི་མདོག་ལྟར་སྔོ་ཞིང་དྭངས་བའི་མཚོ་མོ་ཡར་འབྲོག་གཡུ་མཚོ་མིག་གི་དཔལ་དུ་ཤར་བྱུང་།

ད་ལོ་ནི་ན་ནིང་དང་མི་འདྲ་བར་དགུ་འདྲེན་པའི་དུས་ལའང་ད་དུང་མཚོ་མོར་དར་ཁ་འགྲིག་མེད། མཚོ་མོ་དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4441ཙམ་ཡོད་པ་དང་། མཚོ་མོའི་གཏིང་ཟབ་སར་སྨི་59ཙམ་ཡོད་ཅིང་། མཚོ་ནང་དུ་ཉ་རིགས་སྣ་ཚོཌ་ཡོད། ལ་རྩེར་འབྱོར་སྐབས། ལྗོངས་གཟིགས་ཁུལ་དུ་སྔ་ས་ནས་རླབས་འཁོར་མང་པོ་བཞག་ཡོད་མོད། རླངས་འཁོར་གྱི་མང་ཉུང་ཚད་དེ་ནི་ལྗོངས་རྒྱུའི་ཚ་རླབས་འཕྱུར་བའི་དབྱར་དུས་ཀྱི་གྲོག་ཚང་བརྡོལ་བ་ལྟ་བུ་དང་བསྡུར་ཐབས་ཡེ་ནས་མི་འདུག ལ་རྩེ་ནས་ཡར་འབྲོག་གཡུ་མཚོར་རྒྱང་ལྟ་བྱེད་སྐབས། གཡུ་མཚོ་དེ་ནི་དབྱིག་འཛིན་དགའ་མའི་བཞིན་གྱི་ངོས་སུ་གཡུ་ཡི་ཕྲ་རྒྱན་བཏབ་པ་དང་ཀུན་ནས་མཚུངས་ཤིང་། སྐྱེ་བོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད། མཚོ་མོ་དེ་ཡི་མཛེས་པ་ཀུན་ལ་མྱོང་རོལ་ཚར་རྗེས། ལ་རྩེ་ནས་བབ་དུས་དམངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཆེད་དུ་རླངས་འཁོར་དག་གི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་30ཡི་ཚད་འགག་བཟོས་ཡོད་པས། རླངས་འཁོར་དལ་བ་དལ་བུར་བསྐྱོད་པ་ནི་ཡན་ལག་ལྔ་པ་ཅན་གྱི་སྲོག་ཆགས་དང་འདྲ་བར་བཤད་ན་མི་ཆོག་པ་མི་འདུག དེ་ནས་ཆུ་ཚོད་ཕྱེད་ཙམ་གྱི་ཡུན་ལ་ལྷོ་ཁ་དང་ལྷ་ལྡན་གྲོང་དུ་སྐྱོད་མཚམས་ཀྱི་ལམ་གསུམ་མདོ་ཁ་རུ་སླེབས་རྗེས། ལྷ་སའི་ཕྱོགས་ཀྱི་ཕུག་ལམ་རིང་མོ་དེ་དེད་ནས་མྱུར་བགྲོད་གཞུང་ལམ་དུ་སྐར་མ་ཉི་ཤུ་ལྷག་ཙམ་བསྐྱོད་པས། གཞི་ནས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་ལ་སོགས་ཀྱི་ལྟེ་གནས་ལྷ་ལྡན་གྲོང་དུ་འབྱོར་ཏེ། ཁོ་བོ་དང་ཨ་ཕའི་ཐེངས་འདིའི་འགྲུལ་བཞུད་ལ་རེ་ཞིག་རྫོགས་བཤད་བཀོད་དོ།།