《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月28日

“འགྲན་ཟླ་བྲལ་བའི་དཔའ་བོ”མི་ཉམས་ཡུན་དུ་གནས།

↑འདི་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་ཡིན་པ།

(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

བོད་སྐྱོད་དཔའ་བོ་སྔོན་སྐྱོད་ལེན་ཤོག་ནི་གཟི་བརྗིད་ཀྱིས་ཁེངས་པའི་མིང་ཞིག་ཡིན་ལ་མའོ་ཀྲུའུ་ཞིས“འགྲན་ཟླ་བྲལ་བའི་དཔའ་བོ”ཞེས་བརྗོད་པའི་ལེན་ཤོག་ཅིག་ཀྱང་ཡིན།

1950ལོར་སྐབས་དེ་དུས་ཤིན་ཅང་དམག་ཁུལ་ཁང་གི་སི་ལིང་ཡོན་ཡིན་པའི་ཝང་ཀྲེན་གྱིས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་ཨང་དང་པོའི་ལེན་ཤོག་ཨང་དང་པོ“བོད་སྐྱོད་སྔོན་སྐྱོད་ལེན་ཤོག”ལ་བསྒྱུར་རྒྱུའི་ཆོག་མཆན་སྤྲད་དེ་ཐོན་ཤོག་ཨང་དང་པོའི་སྲུང་སྐྱོབ་པུའུ་ཀྲང་ཡིན་པའི་བློ་མཐུན་ལི་ཏིའི་སན་སྔོན་སྐྱོད་ལེན་ཤོག་གི་སྤྱི་ཁྱབ་བཀོད་འདོམས་པ་དང་ཏང་གི་འཐུས་མི་གཅིག་ལྕོགས་དང་། དེ་སྔའི་ལེན་ཤོག་དང་པོའི་ལེན་ཀྲང་ཚའོ་ཧའེ་ལིན་སྔོན་སྐྱོད་ལེན་ཤོག་གི་ལེན་ཀྲང་དུ་བསྐོ་གཞག་བྱས་པ་རེད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལེན་ཡོངས་སུ་དཔོན་དམག་136ཡོད་པ་དེ་དག་རྒྱ་རིགས་དང་། སོག་རིགས། ཧུད་རིགས། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཞི་པོ་རིགས་བཅས་མི་རིགས་7ལས་གྲུབ་པ་དང་། གྲངས་ཉུང་མི་རིགས་ཀྱིས་ལེན་ཡོངས་ཀྱི་མི་གྲངས་ཀྱི་40%བཟུང་ཡོད། ཁོང་ཚོས་ཤིན་ཅང་ལྷོ་རྒྱུད་ཀྱི་ཡུས་ཐེན་རྫོང་གི་ཕུའུ་ལུའུ་གྲོང་ཚོ་ནས་རྡོག་ཐོན་བྱས་ཏེ་བརྗིད་ཆགས་ཀྱི་ཁུ་ནུ་རི་བོ་དང་། དཀའ་ཚེགས་ཆེ་བའི་ཁུལ། ལེ་དབར་ཁྲི་ཡི་མྱ་ངམ་ཐང་བཅས་བརྒལ་ནས་ཟླ་6ལྷག་ཙམ་གངས་ལྗོངས་ས་མཐོར་དཀའ་སྤྱད་དཔུང་སྐྱོད་བྱས་མཐར་སྐར་ལྔའི་དར་དམར་བོད་ཀྱི་ས་གཞིའི་ཐོག་བཙུགས་པ་རེད།

སྔོན་གཤེགས་དཔའ་བོ་ཚོའི་རྗེས་ཤུལ་འཚོལ་ཆེད། གསར་འགོད་པ་ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་2000ལྷག་ཙམ་བསྐྱོད་རྗེས་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ནུབ་བྱང་རྒྱུད་དང་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བ་ཤན་ཆེན་ཤང་དུ་འབྱོར།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྔོན་སྐྱོད་ལེན་ལ་དྲན་གསོ་ཞུ་ཆེད། 1999ལོར་ཆུས་གཏོར་ཤང་སྒྲིལ་བྱས་རྗེས་ཤན་ཆེན་ཤང་བཙུགས་པ་དང་དེའི་གཤམ་དུ་ད་དུང་སྲིད་འཛིན་གྲོང་ཚོ་6ཡོད། དེ་ལྟར་སྔོན་སྐྱོད་ལེན་ལོ་རྒྱུས་ཀྱི་དེབ་ཐེར་ནང་ནམ་ཡང་འཁོད་ཡོད།

མངའ་རིས་ས་གཞི་ཆེ་མོར་སྐུ་གཤེགས་པའི་སྔོན་སྐྱོད་ལེན་གྱི་སྔོན་གཤེགས་དཔའ་བོ་63ལ་དྲན་གསོ་ཞུས་ནས“སྔོན་སྐྱོད་ལེན་གྱི་སྙིང་སྟོབས”རྒྱུན་འཛིན་བྱ་ཆེད། 2019ལོར་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི་2500བཏང་ནས་སྔོན་སྐྱོད་ལེན་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཉམས་བཟོ་བྱས་པ་དང་། སྔོན་སྐྱོད་ལེན་བཅའ་སྡོད་བྱེད་སྐབས་སོ་ལྟ་ཁང་དང་། འཛིང་རགས། ས་ཕུག་བཅས་ཀྱི་སྔར་ཡོད་ཀྱི་རྣམ་པར་ཉམས་བཟོ་བྱས་པ། སྔོན་སྐྱོད་ལེན་དྲན་གསོ་ཁང་གསར་སྐྲུན་སོགས་བྱས་ཡོད། དྲན་གསོ་ཁང་ལ་ཐོག་སོ་གཉིས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1960ཡོད། དྲན་གསོ་ཁང་བསྐྲུན་རྗེས་སྒེར་རྩེ་རྫོང་དང་ཐ་ན་མངའ་རིས་ས་ཁུལ་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བཅས་ཀྱི་སྐར་ཁུང་དང་གཡུལ་ས་གཙོ་བོར་གྱུར་ཡོད་པ་རེད།

དྲན་གསོ་ཁང་དེ“བོད་ལ་བཅིངས་འགྲོལ་གཏོང་བ”དང་། “བོད་བྱང་ཐང་ལ་དཔུང་སྐྱོད་བྱེད་པ”“ས་མཐོའི་མཁར་རྫོང་སྐྲུན་པ”“འགན་འཁྲིར་ངོ་མི་གནོང་བ”“དུས་རབས་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད”བཅས་ཆེད་སྒྲིག་དྲུག་ལས་གྲུབ་པ་དང་། དེ་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་ཕུགས་བསམ་བརྟན་པ་དང་། ཏང་ལ་བློ་དཀར་སེམས་དཀར། ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པ། སྒེར་སེམས་མེད་པ་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་མཚོན་ཡོད།

དྲན་གསོ་ཁང་དུ་ལྟ་སྐོར་བྱེད་སྐབས་པར་རིས་ཁ་ཤས་ཤིག་གིས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་།

པར་དང་པོ་ནི་1950ལོའི་ལོ་མཇུག་ཏུ་བརྒྱབ་པ་ཞིག་ཡིན་པ་དང་། མཐའ་ཡས་པའི་ས་གཞིའི་ཐོག་དངོས་ཟོག་ལྕི་པོ་འཁུར་བའི་རྔ་མོང་ཞིག་གངས་ཁྲོད་དུ་ལུས་ཏེ་སྒུལ་སྐྱོད་མི་ཐུབ་པ་དེ་ཡིན། སྐབས་དེ་དུས་མངའ་རིས་སུ་དགུན་ཁ་ཤར་ནས་གངས་ཀྱིས་ལམ་འགག་པའི་དུས་ཡིན་པ་དང་དངོས་ཟོག་དབོར་འདྲེན་བྱ་རྒྱུ་དེ་གནད་འགག་ཆེ་ཤོས་ཡིན་པ་རེད། ཤིན་ཅང་དམག་ཁུལ་ཁང་གིས་ཁལ་ཕྱུགས་མགོ་གྲངས་1700གྲ་སྒྲིག་བྱས་ཏེ་ཟླ་ཕྱེད་ནང་བོད་དུ་བསྟུད་མར་དངོས་ཟོག་སྐྱེལ་བར་ཐེངས་གཉིས་བཏང་ཡང་ཚང་མ་ཁུ་ནུ་རི་བོ་བརྒལ་ཐུབ་མེད། ཁལ་དྲེལ་500ལས་གྲུབ་པའི་སྐྱེལ་འདྲེན་རུ་ཁག་ཁག་དང་པོ་དེ་རི་བོ་བརྒལ་མི་ཐུབ་པར་ཚང་མ་ཤི་བ་དང་ཁག་གཉིས་པའི་ཁལ་དྲེལ་16ཀྱང་ས་མཚམས་ཀྱི་རི་བོ་ཏ་པན་ལས་བརྒལ་ཐུབ་མེད། མ་ཟད་ཡུ་གུར་རིགས་ཀྱི་དྲེལ་པ་གཉིས་ཀྱང་རང་སྲོག་ཤོར་བ་རེད།

པར་གཉིས་པ་ནི་ལི་ཏིའི་སན་གྱིས་བརྩམས་པའི《ཞུམ་མེད་ཀྱི་གླུ་གཞས》ཡིན། “བོད་བྱང་ཐང་དུ་དཔུང་སྐྱོད་བྱེད་མཁན་སྔོན་སྐྱོད་ལེན་གྱིས་དཀའ་སྡུག་ལ་མི་སྐྲག་པ”སོགས....སྔོན་སྐྱོད་ལེན་གྱི་འཐབ་འཛིང་པ་ཚོའི་ངོས་ནས་བརྗོད་ན། མངའ་རིས་གང་དུ་ཡོད་པ་དང་། ལམ་བར་དུ་དཀའ་ངལ་གང་ཞིག་འཕྲད་སྲིད་པ་ཚང་མས་གཏན་ནས་ཤེས་ཀྱི་མེད་པར་ས་བཀྲ་ཞིག་དང་ཕྱོགས་སྟོན་འཕྲུལ་ཆས་ཤིག་འཁྱེར་ནས་མྱུལ་ཞིབ་དང་མདུན་སྐྱོད་བྱེད་དགོས་ཀྱི་ཡོད། དཔུང་སྐྱོད་བྱེད་པའི་ལམ་བར་དུ་མགོ་ན་བ་དང་། མགོ་ཡུ་འཁོར་བ། དབུགས་གཏོང་དཀའ་བ་སོགས་ཀྱི་དཀའ་ངལ་ཡང་ཡང་འཕྲད་ཀྱང་དེ་དག་ཚང་མ་སྔོན་སྐྱོད་ལེན་གྱིས་ཁྱད་བསད་བྱས་ཡོད། ལི་ཏིའི་སན་གྱིས་དམག་མིའི་ངར་ཤུགས་མུ་མཐུད་འཕེལ་བ་དང་བརྗེད་པར་དཀའ་བའི་བརྒྱུད་རིམ་དེར་དྲན་གསོ་བྱ་ཆེད《ཞུམ་མེད་ཀྱི་གླུ་གཞས》དེ་བརྩམས། གཞས་དེ་ཤན་ཆེན་ཤང་དུ་ད་བར་དར་ནས་མི་སེར་ཚང་མས་གཏོང་ཤེས་ཀྱི་ཡོད།

ད་དུང་པར་གཅིག་ཡོད་པ་ནི་སྤུ་ཧྲེང་འགག་སྒོའི་ཚོང་དོན་ཁྲོམ་རའི་པར་ཡིན། པར་དེའི་ནང་ཀྲུང་ཕྱིའི་ཡུལ་སྐོར་བ་དང་ཕྱི་རྒྱལ་ཚོང་པས་མངའ་རིས་ཀྱི་མཛེས་ལྗོངས་ལ་བལྟ་བ་དང་ཚོང་དོན་བྱེད་སྒོ་སྤེལ་བའི་རྣམ་པ་བཀོད་ཡོད། དེ་མཐོང་སྐབས་དེང་གི་མངའ་རིས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་ལ་མགྱོགས་པ་དང་། མང་ཚོགས་ཀྱི་ཡོང་འབབ་མགྱོགས་མྱུར་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ། མང་ཚོགས་ལ་ཕན་པ་དངོས་མང་པོ་ཐོབ་པ་བཅས་ལ་མི་རྣམས་ཧང་སངས་བར་གྱུར།

སྔོན་སྐྱོད་ལེན་གྱི་དེ་སྔའི་ལེན་ཀྲང་གཞོན་པ་ཕུང་ཆིང་ཡུན་གྱི་བུ་ཕུང་ཝེ་ཡིས་དྲན་གསོ་ཁང་གི་སྒོ་འབྱེད་མཛད་སྒོའི་ཐོག“ང་ཚོའི་ད་ལྟའི་བདེ་སྐྱིད་འཚོ་བ་ནི་སྔོན་སྐྱོད་ལེན་གྱི་བཀོད་འཐབ་པ་ལྟ་བུའི་གསར་བརྗེའི་སྔོན་བྱོན་པ་སྟོང་ཕྲག་མང་པོའི་ཟུངས་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་བྱུང་བ་ཞིག་རེད། སྔོན་སྐྱོད་ལེན་གྱི་རྗེས་རབས་པ་ང་ཚོས་ངེས་པར་དུ་ཁོང་ཚོའི་དར་ཆ་རྒྱུན་འཛིན་ཡག་པོ་བྱས་ཏེ་མུ་མཐུད་སྔོན་གཤེགས་དཔའ་བོའི་བསམ་འདུན་དང་སྔོན་སྐྱོད་ལེན་གྱི་སྙིང་སྟོབས་ཀྱི་རྒྱུན་བསྐྱངས་ནས་མེས་རྒྱལ་སྔར་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་ཞིག་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་སྤོབས་པ་ཆེན་པོས་བཤད།

དམག་འཁྲུག་གི་དུ་ཞག་སྔ་ས་ནས་འཇགས་ཟིན་ཀྱང་། དཔའ་བོའི་སྙིང་སྟོབས་ཇི་སྲིད་བར་དུ་གནས། ད་ཆ“སྔོན་སྐྱོད་ལེན་གྱི་སྙིང་སྟོབས”དེ་བོད་ཀྱི་མངའ་རིས་ཀྱི་ས་གཞི་ཆེན་པོར་རྩ་བ་ཚུགས་ནས་ལོ་འདབ་རྒྱས་བཞིན་མཆིས།

(བདེ་དབང་དང་གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)