《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月28日

འབྲས་སྐྲན་སྔོན་འགོག་དང་རྒྱུན་གཏན་གྱི་བདེ་སྲུང་འཕྲོད་སྦྱོར་སྐོར།

འབྲས་སྐྲན་ལ་དོགས་ཟོན་བྱེད་དགོས་པའི་བརྡ་རྟགས།

གལ་ཏེ་རང་ཉིད་ལུས་པོར་གཤམ་གསལ་གྱི་མི་བདེ་བའམ་ཡང་ན་འབྲེལ་ཡོད་ཀྱི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

ལུས་པོའི་ཆ་ཤས་གང་རུང་དཔེར་ན། ནུ་མའི་གཤེར་རྨེན་དང་། མཇིང་པ། གྲོད་པ་བཅས་ལ་སྐྲངས་འབུར་ཐོན་པ་དང་ལྷག་པར་དུ་དེ་རིམ་གྱིས་ཆེ་རུ་འགྲོ་བ།

ལུས་པོའི་ཆ་ཤས་གང་རུང་དཔེར་ན། ལྕེ་དང་། ཁ་ནང་གི་སྐྱི་པགས། པགས་པ་སོགས་སུ་རྨ་མ་བཟོས་ཀྱང་སྨུག་པོ་གྱུར་པ་དང་ལྷག་པར་དུ་ཡུན་རིང་སོང་ཡང་དྲག་སྐྱེད་མ་བྱུང་བ།

དར་མ་ཡན་གྱི་བུད་མེད་ལ་མངལ་ལམ་ནས་དུས་ངེས་མེད་ཀྱི་ཁྲག་མང་པོ་དོན་པའམ་ཡང་ན་གྲང་བ་མང་དུ་ཕྱིན་པ།

ཟས་མིད་ཟུག་བརྒྱབ་ནས་དབུགས་འགག་ཐེབས་པའི་སྣང་བ་དང་། ན་ཟུག་གཏོང་བ། ཟས་མིད་མི་བདེ་བ།

ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བའི་སྐམ་གློ་རྒྱག་པའམ་ཡང་ན་ལུད་པའི་ནང་ཁྲག་ཕྲན་བུ་ཡོད་པ། གློ་བར་གློག་པར་རྒྱག་སྐབས་མཐོང་བའི“གྲིབ་ཐིག”ཡོད་གང་རུང་ལ་ཡིད་གཟབ་བྱེད་དགོས།

ཡུན་རིང་ཟས་མི་འཇུ་བ་དང་ཟས་ཀྱི་དང་ག་ཉམས་ནས་ཤ་སྐམ་དུ་ཕྱིན་པའི་རྒྱུ་རྐྱེན་མ་ཤེས་པ།

བཙོག་པ་གཏོང་བའི་གོམས་གཤིས་གྱུར་པའམ་ཡང་ན་བཙོག་པའི་ནང་ཁྲག་ཕྲན་བུ་ཡོད་པ།

སྣ་འགགས་པ་དང་། སྣ་ཁྲག་དོན་པ། མགོ་གཞོགས་གཅིག་ན་བ་བཅས་དང་ཡང་ན་མིག་རབ་རིབ་བྱེད་པ།

སྨེ་བ་ནག་པོ་གློ་བུར་དུ་ཆེ་རུ་སོང་བའམ་ཡང་ན་རྡོལ་བ་དང་དེ་ནས་ཁྲག་དོན་པ། སྐྲ་ཡང་སེ་བུད་པ།

ན་ཟུག་མེད་ཀྱང་གཅིན་པའི་ནང་ཁྲག་ཕྲན་བུ་དོན་པ།

གཞན་ཡང་སྐྲན་ཡང་བའི་སྐབས་སུ་ཡང་ཚད་མཐོའི་ཡིད་གཟབ་བྱས་ཏེ་དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་བྱས་ནས་སྐྲན་ནད་འབྲས་སྐྲན་དུ་མི་འགྱུར་བ་བྱེད་དགོས།

འབྲས་སྐྲན་སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

འབྲས་སྐྲན་གཙོ་བོ་སྔོན་འགོག་ལ་ཐུག་ཡོད། སྔོན་འགོག་ནུས་ལྡན་བྱས་ཚེ་ནད་ཆུང་དུས་ནས་བཅོས་ཐུབ་ནས་སྐྲན་འགོག་གི་མཐའ་མའི་རྒྱལ་ཁ་ལེན་ཐུབ། ཚན་རིག་ཞིབ་འཇུག་ལས་མངོན་གསལ། འབྲས་སྐྲན་ནི་མ་བྱུང་སྔོན་འགོག་ཐུབ་པའི་ནད་ཅིག་ཡིན། མི་རྣམས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ནང་འབྲས་སྐྲན་40%སྔོན་འགོག་ཐུབ་པ་དང་། དེ་བྱིངས་ཀྱི་40%གལ་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་སྨན་བཅོས་བྱས་ཚེ་དྲག་སྐྱེད་ཡོང་ཐུབ། ལུགས་དང་མཐུན་ལ་ནུས་ལྡན་གྱི་སྟབས་བསྟུན་སྨན་བཅོས་བྱས་ཚེ་དེ་བྱིངས་ཀྱི་འབྲས་སྐྲན་ཕོག་མཁན་གྱི་འཚོ་གནས་སྤུས་ཚད་ལེགས་སུ་འགྲོ་ཐུབ།

འབྲས་སྐྲན་སྔོན་འགོག་ལ་གཙོ་བོ་རིམ་པ་དང་པོའི་སྔོན་འགོག་དང་། རིམ་པ་གཉིས་པའི་སྔོན་འགོག རིམ་པ་གསུམ་པའི་སྔོན་འགོག་བཅས་རིམ་པ་གསུམ་ལ་དབྱེ་ཡོད།

རིམ་པ་དང་པོའི་སྔོན་འགོག རིམ་པ་དང་པོའི་སྔོན་འགོག་གམ་ཡང་ན་ནད་རྐྱེན་སྔོན་འགོག དེའི་དམིགས་ཡུལ་ནི་འབྲས་སྐྲན་མི་ཐོན་པ་བྱ་རྒྱུ་དེ་ཡིན། ལས་འགན་ནང་འབྲས་སྐྲན་གྱི་ནད་རྐྱེན་དང་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་ལ་ཞིབ་འཇུག་བྱེད་པ་ཚུད་ཅིང་། རྫས་འགྱུར་དང་། དངོས་ཁམས། སྐྱེ་དངོས་སོགས་ཞིབ་ཕྲའི་འབྲས་སྐྲན་ཆགས་པའི་རྒྱུ་རྐྱེན་དང་ལུས་པོའི་ཕྱི་ནང་གི་ནད་སློང་བའི་རྒྱུ་རྐྱེན་ལ་དམིགས་ནས་སྔོན་འགོག་གི་བྱེད་ཐབས་སྤྱོད་དགོས་པ་དང་འབྲེལ་བདེ་ཐང་གི་ལུས་པོར་དམིགས་ཏེ་ཁོར་ཡུག་སྲུང་སྐྱོང་དང་། ལུགས་དང་མཐུན་པའི་བཟའ་བཏུང་། ལུགས་དང་མཐུན་པའི་ལུས་སྦྱོང་སོགས་ལ་ཤུགས་སྣོན་བརྒྱབ་ནས་ལུས་སེམས་བདེ་ཐང་ཡོང་བ་བྱེད་དགོས། མི་སྒེར་གྱི་ངོས་ནས་བརྗོད་ན་དེ་ནི“མ་བྱུང་སྔོན་འགོག”གི་དུས་མཚམས་གལ་ཆེ་ཤོས་དེ་རེད།