《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月28日

དམངས་འཚོའི་སྲིད་ཇུས་བཟང་། འཚོ་བར་དྲོ་སྐྱིད་སྦྱིན།

▲ ས་གནས་ཁག་གི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྐྱེ་ལྡན་ནས་འདེབས་འཛུགས་དང་། འབྲི་གཡག་རྒྱགས་གསོ། ཡུལ་སྐོར་རིག་གནས་སོགས་ཁྱད་ལྡན་ཐོན་ལས་ཀྱི་ལས་ཞུགས་རྟེན་གཞི་652བཙུགས་པས་ཞིང་འབྲོག་དབུལ་པོ་ཁྲི་6.7གྱིས་ཐོན་ལས་ལས་ཞུགས་རྟེན་གཞིར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ།

▲ 2020ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་28.5866ལ་འགན་བཅོལ་གྲོན་དངུལ་སྒོར་ཁྲི་2858.66ཚབ་འཇལ་བྱས་པ་དང་ལྗོངས་ཡོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་5.9646ཟིན་པ་དང་འགན་བཅོལ་འགྲོ་གྲོན་སྒོར་ཁྲི་596.46ཚབ་འཇལ་བྱས་པ།

ལས་ཞུགས་དབུལ་སྐྱོར་གྱིས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་བཏང་བ།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་བཀའ་འབྱོར་འཕྲལ་སྒྲུབ་དང་ཕྱར་བ་གྲུ་འདེགས་ཀྱིས་ལས་ཞུགས་དབུལ་སྐྱོར་དང་། སྤྱི་ཚོགས་འགན་བཅོལ་དབུལ་སྐྱོར། རྩལ་ནུས་དབུལ་སྐྱོར། ཤེས་ལྡན་པ་དང་མི་དོན་དབུལ་སྐྱོར་བཅས་ལ་ཕན་འབྲས་དངོས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ལྗོངས་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་ལས་ཞུགས་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཁག་གི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྐྱེ་ལྡན་ནས་འདེབས་འཛུགས་དང་། འབྲི་གཡག་རྒྱགས་གསོ། ཡུལ་སྐོར་རིག་གནས་སོགས་ཁྱད་ལྡན་ཐོན་ལས་ལས་ཞུགས་རྟེན་གཞི་652བཙུགས་པས་ཞིང་འབྲོག་་དབུལ་པོ་ཁྲི་6.7གྱིས་ཐོན་ལས་ལས་ཞུགས་རྟེན་གཞིར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་རེད། 2016ལོ་ཚུན་དུ་མང་ཚོགས་དབུལ་པོས་ཐོན་ལས་དང་པོ་ཁོ་ནར་བརྟེན་ནས་འབབ་འཕར་ཡོང་ཐབས་བྱེད་པ་ནས་ཐོན་ལས་གཉིས་པ་དང་གསུམ་པར་བརྟེན་ནས་ཕྱུག་འགྱུར་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཏེ་ཡུན་རིང་གཏན་འཇགས་འགྱུར་མེད་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་བསྒྱུར་ནས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་35.34ལས་ཞུགས་གཞན་སྒྱུར་བྱས་པ་དང“ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ། འབབ་འཕར་གྱིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལམ་སྲོལ་བཟང་པོ་ཞིག་ཆགས་པ་རེད།

རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་རང་མིང་འགོད་པའི་མ་ལག་བཙུགས་ནས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་གྱི་གྲངས་གཞིའི་ནང་བཅུག་པ་དང་ཞིང་འབྲོག་པ་དབུལ་པོའི་གསོ་སྦྱོང་གི་དགོས་མཁོ་དང་། ལས་ཞུགས་ཀྱི་འདུན་པ། ངལ་ནུས་ཡོང་འབབ་སོགས་གཞི་རྩའི་ཆ་འཕྲིན་གནད་སྨིན་ཁོང་དུ་ཆུད་དེ་ལས་ཞུགས་ཀྱི་མ་དངུལ་བརྟན་པོ་ཡོང་བ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ་དང་གནས་ཀྱིས་གནས་ལ་སྐྱེལ་བ་དང་། ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་སྐུལ་གཏོང་། ཟླ་ཕྱེད་ནང་བརྡ་ཁྱབ་གཏོང་བ་སོགས་བརྒྱུད་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ལས་དོན་ལ་སྔར་བྱུང་མ་མྱོང་བའི་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་ནུས་ཕྱིར་གཏོང་གི་རྩ་འཛུགས་ཆུང་བ་ནས་ཆེ་བའི་བར་དང་། ཉུང་བ་ནས་མང་བའི་བར་འཕེལ་རྒྱས་སོང་ནས་ད་ཆ་རྩ་འཛུགས་7000ལྷག་ཙམ་ཟིན་པ་དང“ངལ་ནུས་སྒྲིག་གཞིས་སྣེ་ཁྲིད་+ལས་སྒྲུབ་མཉམ་འབྲེལ་རུ་ཁག་གིས་སྒྲིག་འཛུགས་+ཁེ་ལས་ཀྱིས་མི་སྣ་སྤྱོད་པ”བཅས་ཀྱི་ཕྱིར་གཏོང་དཔེ་དབྱིབས་གྲུབ་པ་དང་མང་ཚོགས་སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱས་པའི་བསྡུར་ཚད་52%ཡན་ཟིན་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

རྩལ་ནུས་རོགས་སྐྱོར་བྱས་ཏེ་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ།

དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་པ་དང་དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེས་འགག་རྩ་དང་ཆེས་རྩ་བའི་ལས་འགན་ནི་མིའི་བྱང་ཚད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་དེ་རེད། ལོ་མང་རིང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་རྩལ་ནུས་དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས“མངགས་ཐོའི་གནས་གཏན་འཁེལ”དང་། “ལས་ཀའི་ཁྲོད་སྦྱོང་བརྡར་བྱེད་པ”“ཕྱིར་སྐྱེལ་བ”སོགས་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲོམ་རའི་དགོས་མཁོ་དང་མང་ཚོགས་དབུལ་པོའི་གསོ་སྦྱོང་འདུན་པ་དང་ཟུང་འབྲེལ་གང་ལེགས་བྱས་ནས་སྲིད་གཞུང་སྡེ་ཚན་གྱིས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་ལས་གནས་མངགས་ཐོ་མཁོ་འདོན། གསོ་སྦྱོང་སྒྲིག་གཞིས་གསོ་སྦྱོང་གསལ་ཐོ་བཟོ་བ། མང་ཚོགས་ལ་གསོ་སྦྱོང་བྱས་རྗེས་གནས་གཏན་འཁེལ་གྱི་ལས་ཞུགས་ཡོད་པ་བཅས་ཀྱི་གསོ་སྦྱོང་དཔེ་དབྱིབས་བཏོད་པ་རེད། དུས་མཚུངས་ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་ལས་གནས་གསར་སྤེལ་ཧུར་ཐག་བྱས་པ་དང་མང་ཚོགས་དབུལ་པོ་ཧྲན་ཏུང་དང་། སི་ཁྲོན། ཧོ་ནན་སོགས་ཀྱི་ལག་རྩལ་བཟོ་པའི་སློབ་གླིང་དུ་གསོ་སྦྱོང་ལ་མངགས་ནས་ལྗོངས་ཡོངས་ཀྱི“མངགས་ཐོའི་གནས་གཏན་འཁེལ”དང“ལས་ཀའི་ཁྲོད་སྦྱོང་བརྡར་བྱེད་པའི”གསོ་སྦྱོང་མི་གྲངས་ཀྱིས་གསོ་སྦྱོང་མི་གྲངས་བསྡོམས་འབོར་གྱི་55%བཟུང་བ་རེད། 2020ལོར་རང་ལྗོངས་ཀྱི་རྩལ་ནུས་གསོ་སྦྱོང་ལས་དོན་སྤེལ་རིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ཏེ་ཁྱོན་དབུལ་སྒྲོལ་དུད་ཚང་དང་མཐར་ལུས་དུད་ཚང་གི་མང་ཚོགས་ཁྲི་2.9ལ་གསོ་སྦྱོང་བྱས་པ་དེ་2019ལོ་འཁོར་མོ་ལས་45%འཕར་བ་དང་མང་ཚོགས་དབུལ་པོར་རྩལ་ནུས་གསོ་སྦྱོང་བྱས་རྗེས་སྤྱི་ཡོངས་ནས་ལས་ཞུགས་ཐུབ་ཚད་79.99%ཟིན་པ་རེད།

འགན་ལེན་དྲ་བ་ཚགས་དམ་དུ་བཏང་བ།

དབུལ་སྐྱོར་རྒུད་སེལ་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཤིང་། ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་འགན་འཁྲི་ཁུར་ཕོད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འགན་ལེན་གྱི་མཐའ་ཚད་བརྟན་པོ་བསྲུངས་ཏེ་སྲིད་ཇུས་ཀྱི་ཐོག་ནས་མང་ཚོགས་དབུལ་པོར་དེ་བས་གཟིགས་སྐྱོང་གི་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་མི་སྤྱི་པུའི་ཆ་འཕྲིན་ལས་སྟེགས་གཅིག་གྱུར་བེད་སྤྱད་དེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་འགན་ལེན་བྱེད་དགོས་རིགས་མཐའ་དག་འགན་ལེན་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་པའི་འགན་བཅོལ་ནང་ཞུགས་མཁན་གྱི་གཞི་ཁྱོན་གནད་སྨིན་ངང་རྒྱ་ཆེར་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་གི་ལམ་སྲོལ་བཙུགས་ཏེ་ལོ་65ཡན་སླེབས་པའི་རྒན་རྒོན་ལ་གཟིགས་སྐྱོང་འོས་འཚམ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་རེད། 2020ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་28.5866ལ་འགན་བཅོལ་གྲོན་དངུལ་སྒོར་ཁྲི་2858.66ཚབ་འཇལ་བྱས་པ་དང་ལྗོངས་ཡོངས་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་5.9646ཟིན་པ་དང་འགན་བཅོལ་འགྲོ་གྲོན་སྒོར་ཁྲི་596.46ཚབ་འཇལ་བྱས་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་དངུལ་རྒྱུན་གཏན་ལེགས་སྒྲིག་ལམ་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་སྒོར་185བར་སྤར་བ་རེད། (བསོད་བདེས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)