《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月26日

ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བྱེད་ཐབས་སྣ་མང་སྤྱད་པ།

ཁོར་ཡུག་མཛེས་སྡུག་ལྡན། གྲོང་ཁྱེར་ཡིད་དུ་འོང་།

2020ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ནས་ཨང་གཉིས་པར་སླེབས་ཏེ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”ལ་བདེ་བླག་ངང་གཏོད་ཐུབ་ཡོད། གྲུབ་འབྲས་དེ་ལྟར་ཐོབ་དོན་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས“ཁོར་ཡུག་ལ་བརྟེན་ནས་གྲོང་གཏོད་པའི”འཐབ་ཇུས་ལག་བསྟར་དང་ཕྱོགས་ཡོངས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་ཁ་བླངས་པ།

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁོར་ཡུག་གི་སྤུས་ཚད་རྒྱུན་འཁྱོངས་དང་ལེགས་སུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཕྱོགས་ཡོངས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་འགན་ལེན་བྱས་ཡོད། རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གཙོ་གནད་ཁྱབ་ཁོངས་དམ་འཛིན་བྱ་གཞིར་བྱས་ནས་རྡོ་སོལ་ཁྲོ་ཐབ་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ《ལྷ་ས་གྲོང་ཁྱེར་གྱི་དུ་བ་འབུད་ཚད་མང་བའི་འཕྲུལ་ཆས་ཆེ་གྲས་བཀག་སྡོམ་ཁུལ》དབྱེ་བ་དང་། 《ལྷ་ས་གྲོང་ཁྱེར་གྱི་ཐལ་རྡུལ་སྦགས་བཙོག་འགོག་བཅོས་དོ་དམ་བྱེད་ཐབས》ཡོངས་བསྒྲགས་དང་ལག་བསྟར་བྱས་ནས་ཨར་སྐྲུན་ཕྱོགས་ཀྱིས་ཐལ་རྡུལ་ཉུང་གཏོང་གི་བྱེད་ཐབས་སྤྱོད་རྒྱུར་སྐུལ་འདེད་བཏང་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་རྒྱ་ཁྱོན་སྨི་ངོས་གྲུ་300ཡན་ཟིན་པའི་བཟའ་བཏུང་ཞབས་ཞུའི་ཚོང་གཉེར་ཁུལ་ཆེ་འབྲིང་ཚང་མར་ནུས་ཆེའི་དུ་འཐེན་སྒྲིག་ཆས་སྒྲིག་སྦྱོར་བྱེད་དུ་བཅུག་ཡོད།

དྭངས་གཙང་ཆུ་མོ་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་པ། འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་ལེགས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བརྩིས་ཏེ་ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་གྱི་ལེགས་སྒྲིག་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། བཙོག་ཆུ་ཐད་ཀར་འབུད་པའི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལྷུན་གྲུབ་རྫོང་མཁར་རྩེ་ཤང་གི་དུས་ཐེངས་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁུལ་གྱི་གྲོང་ཚོ་4ཡི་དབུལ་སྐྱོར་ཁུལ་5བདམས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་གི་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་བ་རེད།

སྤུས་ལེགས་ཕན་ཆེའི་སྒོ་ནས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

ཁོར་ཡུག་གདེང་འཇོག་དང་ཞིབ་མཆན་འགོད་པའི་གོ་རིམ་མགྱོགས་སུ་དང་སྤུས་ཚད་ལེགས་སུ་བཏང་བ། 《ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་པའི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་པའི་གོ་རིམ(གནས་སྐབས་ལག་བསྟར)》འཐུས་སྒོ་ཚང་དུ་བཏང་ནས། ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ཞིབ་མཆན་གྱི་གོ་རིམ་ལེགས་སུ་བཏང་ཞིང་། ཞིབ་མཆན་འགོད་པའི་དུས་ཚོད་དེ་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་50%ནང་ཚུན་དུ་ཐུང་དུ་བཏང་ཡོད། དམངས་འཚོའི་རྣམ་གྲངས་དང་། དབུལ་སྐྱོར་རྣམ་གྲངས། གཙོ་གནད་རྣམ་གྲངས(ཆེན་པོ)བཅས་ལ་ཐོགས་མེད་བགྲོད་ལམ་བཏོད་པ་དང་། ལས་ཕྱོད་ཆེ་བའི་ཞབས་འདེགས་ཡག་པོ་ཞུས་ནས། ཞིབ་མཆན་འགོད་རྒྱུ་སྟབས་བདེ་རུ་དང་མྱུར་ཚད་མགྱོགས་ལ་ཚན་རིག་དང་མཐུན་པའི་འགན་ལེན་བྱས་ཡོད། 2020ལོར་གྲོང་ཁྱེར་ཡོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་233ལ་ཁོར་ཡུག་གདེང་འཇོག་གི་ཞིབ་མཆན་བཀོད་པ་དེ་དུས་མཚུངས་ལས་37%འཕར་ཡོད།

ཁོར་ཡུག་ཁྲིམས་འཛིན་ཟམ་མི་ཆད་པར་སྤུས་ལེགས་ཕན་ཆེ་བྱུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་གཏན་འཁེལ་བའི་ལྟ་འདོམས་འགན་ནུས་ལག་བསྟར་ནན་པོ་བྱས་པ་དང་། རིག་ནུས་ཅན་གྱི་ཁོར་ཡུག་ལྟ་འདོམས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། གཙོ་གནད་སྦགས་བཙོག་ཁེ་ལས་82%ལ་དྲ་ཐོག་ནས་ལྟ་སྐུལ་ཚོད་འཛིན་ཐུབ་པ་བྱས་པ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི“དྲ་མིག་ཅན”གྱི་ཁོར་ཡུག་ལྟ་འདོམས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ་རེད། ལས་རིཌ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་ཁོར་ཡུག་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་མཁན་ལ་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བརྡ་ཐོ་10བཏང་བ་དང་། ཁྲིམས་འགལ་བྱེད་སྤྱོད་སྤེལ་མཚམས་འཇོག་རྒྱུའི་ཆོད་ཡིག་2སྤྲད་པ། ཚོང་དུད་3ལ་ཁ་ཆད་གྲོས་མོལ་བྱས་པ། ཚོང་དུད་2ལ་སྒོ་ཐེལ་བརྒྱབ་པ། ཁོར་ཡུག་སྲིད་འཛིན་གྱི་ཆད་པ་ཐེངས་38བཅད་པ་དང་དངུལ་ཆད་སྒོར་ཁྲི་102ལྷག་ཙམ་བཏང་བ་རེད།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་བཏོད་པ།

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་པ་རེད། “ཁོར་ཡུག་སྲུང་སྐྱོང་གི་སྤྱི་དམངས་སྒོ་དབྱེའི་ཟླ་བ”གཏན་འཁེལ་བྱས་ཏེ་གྲོང་ཁྱེར་ཡོངས་ནས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ལེགས་པའི་ཁུལ་4བདམས་ཏེ་སྤྱི་དམངས་ལ་སྒོ་མོ་ཕྱེ་བ་མ་ཟད། སྤྱི་དམངས་ཀྱི་ཁོར་ཡུག་གི་ཤེས་རྟོགས་དབང་ཆ་དང་། ཐེ་ཞུགས་བྱེད་དབང་། ལྟ་སྐུལ་དབང་ཆ་བཅས་འགན་སྲུང་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་ཁེ་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། “12369”ཡི་ཁོར་ཡུག་ཐེར་འདོན་གྱི་ཐད་སྦྲེལ་ཁ་པར་བཙུགས་ནས། ཐེར་འདོན་ཁ་པར་ཉིན་མཚན་དབྱེར་མེད་ངང་ཉན་པའི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཚོས་བསམ་འཆར་འདོན་མང་བའི་ཁོར་ཡུག་ཐེར་འདོན་གནད་དོན་ཐག་གཅོད་བྱས་པ། 2020ལོར་ཁྱོན་ཐེར་འདོན་ཁག་405བདག་སྤྲོད་བྱས་ནས་ཐག་གཅོད་ཚད་དང་གྱོད་མཇུག་འགྲིལ་ཚད་100%ཟིན་ཡོད།

གཞན་ཡང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྐྱེ་ཁམས་སྡོད་མལ་གྲོང་ཁྱེར་གཏོད་རྒྱུ་དམིགས་ཚད་དུ་བཟུང་ནས། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་གཏོད་འཛུགས་བྱེད་སྒོ་ཧུར་ཐག་སྤེལ་ཡོད། 2020ལོའི་ཟླ་10པར། ལྷ་ས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་ནས་རྒྱལ་ཡོངས་སུ་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ལྟེ་བའི་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད་པ་རེད།

(པ་ཕན་གྱིས་བསྒྱུར། རིག་རྡོར་དང་པ་ཕན་གྱིས་ཞུས)