《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月26日

ཡན་ཅིན་ཧའེ་ཡིས་དགའ་ལྡན་དགོན་དུ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་23ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་དགའ་ལྡན་དགོན་དུ་ཕེབས་ནས་དགོན་སྡེའི་ཞབས་ཞུ་དོ་དམ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས་ལས་སྒྲུབ་དཔོན་དམག་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། མེ་ཟོན་སྐྱོབ་རོགས་མི་སྣ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། དགོན་སྡེའི་དགེ་འདུན་པ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོས་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་མཉམ་དུ་ཕེབས་ཡོད་པ་རེད།

བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་སྡེའི་དགེ་འདུན་པའི་གམ་ནས་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བསམ་འཆར་དང་གྲོས་འགོ་གསན་ཏེ་དགའ་ལྡན་དགོན་གྱིས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཆབ་སྲིད་ཐོག་གི“ཟ་ཟིར་བ”མི་བྱེད་པ་དང་ཆོས་ལུགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། “ཕན་པ་ལྔ”ལག་བསྟར་ནན་ཏན་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ། རང་ངོས་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཡུན་རིང་ཕན་ནུས་ཐོན་པའི་ཆོས་ལུགས་ལས་དོན་གྱི་བྱེད་ཐབས་ལ་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་བྱེད་པ་དང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་གཏིང་ཟབ་བྱེད་པ། ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། རྒྱལ་གཅེས་ཆོས་གཅེས་པས་དགོན་སྡེ་སྐྱོང་བ་དང་དགོན་སྡེ་དོ་དམ་བྱེད་དུ་བཅུག་སྟེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཟབ་གཏོང་བཅས་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་དང་སྡོམ་གཙང་འདུལ་ཁྲིམས་སྲུང་བར་སྦྱང་པ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་། གུས་སྐྲག་ཤེས་པ་དང་། མཐའ་ཚད་རྟོགས་པ། སྡོམ་ཁྲིམས་སྲུང་བ་བཅས་བྱེད་དགོས། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་དགེ་འདུན་པ་ཞིག་ཏུ་གྱུར་བ་བྱས་ཏེ་རྗེ་ཙོང་ཁ་པ་མིག་དཔེར་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)